ཀྲུང་གོའི་འཐུས་མིས་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་དཀྱེལ་ཡངས་ཀྱི་ཆབ་སྲིད་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།
2023.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀུན་ཧྲོང་གིས་ཚེས་ཉེར་བདུན་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་བྱེད་རྒྱུ་དང་། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་དཀྱེལ་ཡངས་ཀྱི་ཆབ་སྲིད་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་། ཁོས་ཨ་ཧྥུའུ་ཧན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་འཇིགས་སྐུལ་སྟོབས་ཤུགས་ལ་རྒོལ་རྡུང་བྱེད་རྒྱུ་དང་། རྒྱལ་སྤྱིའི་གྲོགས་པོའི་བར་གྱི་མཛའ་མཐུན་འགྲོ་འོང་གོང་དུ་སྤེལ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།

ཀུན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་རྗེས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ་ནས་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པར་ཕྱི་རྒྱལ་གྱི་དམག་དཔུང་གིས་འགན་མ་ཁུར་བར་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས། མ་གཞི་ནས་དཀའ་ཁག་ཆེ་བའི་ཨ་ཧྥུའུ་ཧན་ལ་ཡང་བསྐྱར་དཀའ་ཁག་གསར་པ་བྱུང་། རྒྱལ་སྤྱིའི་རོགས་སྐྱོར་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། ཕྱོགས་གཅིག་རང་བཞིན་གྱི་བཀག་སྡོམ་ཚབས་ཇེ་ཆེ་ཇེ་ཆེར་སོང་བས། དཔལ་འབྱོར་གོང་འཕེལ་ལ་ཚད་བཀག་ཆེན་པོ་ཐེབས་པ་དང་མི་ཆོས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་གྱུར་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་དེང་སྐབས་ཀྱི་དཀའ་ཁག་མང་བོར་ཆ་ཚང་བ་དང་ལུགས་དང་མཐུན་པ། ལོ་རྒྱུས་དང་འཚམ་པ་བཅས་ཀྱི་སྒོ་ནས་བལྟས་ཏེ། ཕྱོགས་བསྡུས་དང་མ་ལག་གི་ཐག་གཅོད་བྱེད་ཐབས་འཚོལ་དགོས། གྲོས་མོལ་སླར་གསོ་བྱེད་པ་ནི་ནམ་ཡང་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཡང་དག་ཅིག་ཡིན་ཞིང་། དེ་ལས་ལྡོག་སྟེ་སྐྱོན་བརྗོད་བྱེད་པ་དང་གནོན་ཤུགས་བྱིན་ཚེ་དེ་ལས་ལྡོག་པའི་མཇུག་འབྲས་འབྱུང་སྲིད་ཟེར།

ཁོས་བཤད་རྒྱུར། གོང་གི་རྩ་དོན་དང་ལངས་ཕྱོགས་རྨང་གཞིར་བྱས་ཏེ། ཀྲུང་གོ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་གྱི་གྲོས་མོལ་ལ་ཞུགས་ཡོད། ང་ཚོས་གྲོས་ཆོད་འཆར་ཟིན་ཁྲོད་དུ་ཀྲུང་གོ་དང་ཁོངས་གཏོགས་རྒྱལ་ཁབ་གཞན་དག་གིས་བཏོན་པའི་ལུགས་མཐུན་གྱི་གྲོས་གཞི་བསྡུ་ལེན་བྱས་ཏེ། ཕྱོགས་མང་པོ་ནས་ལེགས་བཅོས་བྱས་པའི་དགའ་འོས་པའི་གནས་ཚུལ་མཐོང་སོང་། བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་འཆམ་བྱུང་མ་ཐག་པའི་གྲོས་ཆོད་དེ་ལས། ཨ་ཧྥུའུ་ཧན་ལ་མི་ཆོས་དང་དཔལ་འབྱོར། གོང་འཕེལ། བདེ་འཇགས། འཇིགས་སྐུལ་ངོ་རྒོལ། དུག་འགོག་སོགས་འགྲན་སློང་རབ་དང་རིམ་པ་གནས་པས། ངེས་པར་དུ་བྱེད་ཐབས་སྤྱད་དེ་ཁ་གཏད་འཇལ་དགོས་ལ། ཨ་ཧྥུའུ་ཧན་གྱི་ཚབས་ཆེ་བའི་མི་ཆོས་དང་དཔལ་འབྱོར་གནས་བབ་དང་། ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་པའི་མི་ཆོས་ཐོན་ཁུངས་ལ་དམིགས་ནས། ངེས་པར་དུ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཤིང་། ཨ་ཧྥུའུ་ཧན་གྱི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པ་དང་། ཨ་ཧྥུའུ་ཧན་དང་ས་ཁུལ་དེའི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ངེས་པར་དུ་ཨ་ཧྥུའུ་ཧན་གྱི་ཕྱོགས་སོ་སོར་གྲོས་མོལ་དང་འབྲེལ་འདྲིས་བྱེད་དགོས་པ་བཅས་ནན་གྱིས་བསྟན་ཡོད། ཐུན་མོང་གི་ལྟ་བ་དེ་དག་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དུས་རིམ་རྗེས་མར་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་པའི་མཛུབ་སྟོན་རྩ་དོན་དུ་འགྱུར་འོས་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ཀྲུང་གོས་ཨ་ཧྥུའུ་ཧན་གྱི་ཕྱི་རྒྱལ་གྱི་མ་རྩའི་ཐད་ཐེངས་མང་བོར་སེམས་ཁུར་བྱས་མྱོང་། ཨ་མེ་རི་ཁས་བྲེལ་འཚུལ་ངང་དམག་དཔུང་ཕྱིར་འཐེན་བྱས་ཏེ་ཕྱི་རྒྱལ་དུ་ཡོད་པའི་ཨ་ཧྥུའུ་ཧན་གྱི་ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའི་རིན་པའི་མ་རྩ་བཀག་སྡོམ་བྱས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་འཆམ་བྱུང་མ་ཐག་པའི་གྲོས་ཆོད་ལས། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་ཐད་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་རོགས་བྱས་ཏེ། ཨ་ཧྥུའུ་ཧན་གྱི་ཀྲུང་དབྱང་དངུལ་ཁང་ལ་གཏོགས་པའི་མ་རྩ་དེ་ཨ་ཧྥུའུ་ཧན་གྱི་མི་དམངས་ཀྱི་ཆེད་དུ་བཀོལ་རྒྱུའི་རེ་བ་གསལ་བོ་བཏོན་ཡོད། ཀྲུང་གོས་ཨ་མེ་རི་ཁས་མྱུར་དུ་བྱེད་ཐབས་སྤྱད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་མི་དམངས་ལ་བཟོས་པའི་གྱོང་གུད་གསབ་དགོས་པ་དང་། མུ་མཐུད་དུ་ཁོ་ཚོ་སྡུག་ལ་མི་སྦྱོར་རྒྱུའི་འབོད་སྐུལ་ཡང་བསྐྱར་བཏང་བ་ཡིན་ཟེར།

ཉེ་སྔོན་ཨ་ཧྥུའུ་ཧན་གྱི་སྐྱེས་མ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་ཞུགས་མི་ཆོག་པའི་བཀག་རྒྱ་དེའི་ཐད་ཀུན་ཧྲོང་གིས་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ་མང་པོ་དང་འདྲ་བར་དེར་ཡིད་ཕངས་པ་དང་སེམས་ཁུར་བྱེད་བཞིན་ཡོད། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་བུད་མེད་དང་བྱིས་པ། གྲངས་ཉུང་མི་རིགས་བཅས་ནང་དུ་འདུ་བའི་ཨ་ཧྥུའུ་ཧན་གྱི་མི་དམངས་ཡོངས་ཀྱི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཨ་ཧྥུའུ་ཧན་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འཚམ་པའི་ཕྱོགས་སུ་མུ་མཐུད་འབད་བརྩོན་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།