བལ་བོའི་ཙུང་ལིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་བཅངས་ཏེ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རེ་སྒུག་བྱས་ཡོད་ཅེས་བཤད།
2023.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

བལ་བོའི་ཙུང་ལི་ཕུའུ་ལ་ཁྲང་ཏ་ཡིས་ཚེས་ཉེར་བརྒྱད་ཉིན་ཀྲུང་གོས་སྨན་བཅོས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བལ་བོ་ཕྱོགས་ཀྱིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་བཅངས་ཏེ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རེ་སྒུག་བྱས་ཡོད་ཅེས་བཤད།

ཕུའུ་ལ་ཁྲང་ཏ་ཉིན་དེར་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ཀྲུང་གོས་བལ་བོར་རོགས་སྐྱོར་བྱས་པའི་སྤྱི་ཞབས་པའི་སྨན་ཁང་རིམ་སྤོར་སྒྱུར་བཀོད་ལས་གཞི་རྩིས་སྤྲོད་མཛད་སྒོ་དང་ཀྲུང་གོས་ཕྱི་རྒྱལ་ལ་སྨན་བཅོས་རོགས་སྐྱོར་བྱས་ཏེ་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའིམཛད་སྒོར་ཞུགས། ཁོས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་སྐབས་སུ་བལ་བོ་ཕྱོགས་ལ་འགོག་ཁབ་དང་སྨན་བཅོས་སྒྲིག་ཆས། ཅ་ལག་བཅས་འདོན་སྤྲོད་བྱས་མྱོང་ལ། བལ་བོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྲུང་གོས་སེར་སྣ་མེད་པར་རོགས་སྐྱོར་བྱས་པ་ནམ་ཡང་སེམས་སུ་འཛིན་ངེས། སྤྱི་ཞབས་པའི་སྨན་ཁང་ནི་བལ་བོ་དང་ཀྲུང་གོའི་མཉམ་ལས་དམ་པོའི་མཚོན་རྟགས་སུ་གྱུར་ཡོད་ལ། ཀྲུང་གོས་བལ་བོར་བསྟུད་མར་རྒྱབ་སྐྱོར་བྱེད་པ་དེ་བལ་བོའི་རྨང་གཞིའི་སྒྲིག་ཆས་དང་སྨན་བཅོས་ཞབས་ཞུ། དམངས་ཚིས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་བོའི་གོང་འཕེལ་ལ་ཕན་པ་ཡོད། ཁྱིམ་མཚེས་དང་གྲོགས་པོ་བཟང་བོ། བློ་གཏད་ཆོག་པའི་ཟླ་གྲོགས་བཅས་ཡིན་པའི་ཆ་ནས། བལ་བོས་ཀྲུང་གོའི་བར་དུ་སྨན་བཅོས་ལག་རྩལ་སོགས་ཐད་ནས་རིམ་པ་སྔར་ལས་ཟབ་པའི་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་འདོད་ཡོད་ཟེར།

བལ་བོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་སུང་གིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་ཡོད་པ་དང་། བལ་བོ་ཡང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་གྲལ་ནས་ཕྱིར་འབུད་རྒྱུ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད། འཕེལ་རྒྱས་ཀྱི་སྐྱོད་ལམ་སྟེང་གི་གྲོགས་པོ་ཡིན་པའི་ཆ་ནས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་སོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཁེ་ཕན་ངོ་མ་བསྐྲུན་པར་རེ་སྒུག་བྱེད་འོས་ཟེར།

ཉིན་དེར་ཕུའུ་ལ་ཁྲང་ཏ་ཡིས་ཀྲུང་གོའི་བལ་བོར་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་སྐོར་བཅུ་བཞི་པའི་རུ་མི་བཅུ་བདུན་ལ་རྒྱལ་ཁབ་བདེ་འཇགས་སྲུང་དམག་གི་གཟི་བརྗིད་རྟགས་མ་གནང་།

ཉིས་སྟོང་བརྒྱད་ལོའི་ཟླ་བརྒྱད་པར་ལེགས་འགྲུབ་བྱུང་བའི་ཀྲུང་གོས་བལ་བོར་རོགས་སྐྱོར་བྱས་པའི་སྤྱི་ཞབས་པའི་སྨན་ཁང་ནི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་སྨན་ཁང་ཆེན་པོ་ཞིག་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པར་སྨན་ཁང་རིམ་སྤོར་སྒྱུར་བཀོད་ལས་གཞི་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཤིང་། དེའི་ནང་དུ་ཕྱི་ནད་ཐོག་ཁང་ཞིག་གསར་དུ་ལས་པ་དང་སྔོན་ཆད་ཀྱི་བཟོ་བཀོད་ཉམས་གསོ་རིམ་སྤོར་བྱེད་པ་སོགས་འདུ།