ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པུར་ཀ་རི་ཡ་དང་ཧང་ག་རི། ཕོ་ལན། རོ་མ་ནི་ཡ། སི་ལོ་ཧྥ་ཁི་བཅས་རྒྱལ་ཁབ་ལྔའི་བར་དུ་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་ཐད་ནས་རྩ་དོན་རང་བཞིན་གྱི་གྲོས་ཆོད་བཀོད་ཡོད་ཟེར། དེས་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་མུ་མཐུད་དུ་རྒྱལ་ཁབ་དེ་དག་བརྒྱུད་དེ་རྒྱལ་ཁབ་གཞན་ལ་དྲུད་ཆོག་པ་མཚོན་ཡོད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུའུ་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཉིན་དེར་དྲ་ལམ་ནས་གོང་གི་རྒྱལ་ཁབ་ལྔ་བོའི་བར་དུ་རྩ་དོན་རང་བཞིན་གྱི་གྲོས་ཆོད་བཀོད་པའི་གནས་ཚུལ་བསྒྲགས་པ་རེད། ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ལྔའི་ཞིང་པར་རིན་གོང་ཡོ་སྒོར་དུང་ཕྱུར་གཅིག་གི་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། བྱེད་ཐབས་གཞན་པ་བརྒྱུད་དེ། ཁོ་ཚོས་ཝུའུ་ཁི་ལན་གྱི་རིན་གོང་དམའ་བའི་ཞིང་ལས་ཐོན་རྫས་ལས་ཐེབས་པའི་བརྡབ་གསིག་ལ་ཁ་གཏད་འཇལ་བར་རོགས་རམ་བྱ་རྒྱུ་ཡིན་ཟེར།
ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ད་དུང་བཤད་རྒྱུར། གྲོས་ཆོད་ཀྱི་ནང་དོན་ལ་འབྲེལ་ཡོད་རྒྱལ་ཁབ་དག་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་རང་གི་རྒྱལ་ཁོངས་ལས་བརྒལ་བར་བཀག་འགོག་བྱེད་པའི་ཕྱོགས་གཅིག་གི་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་པར་འཐད་པ་བྱུང་བའང་འདུ་ཟེར།
ཝུའུ་ཁི་ལན་གྱི་ཉེན་ཚབས་ཇེ་སྡུག་ཏུ་གྱུར་རྗེས། ཞིང་ལས་ཐོན་རྫས་འབོར་ཆེན་མཚོ་ནག་གྲུ་ཁ་བཀག་སྡོམ་བྱས་པར་བརྟེན་ནས་ཕྱི་རུ་འདྲུད་ཐུབ་ཀྱིན་མེད། མཉམ་འབྲེལ་རྒྱལ་ཚོགས་དང་ཐུར་ཁེའི་བར་འདུམ་འོག་ཏུ། ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་འབོར་ཆེན་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་བརྒྱུད་དེ་ས་ཁུལ་གཞན་དག་ལ་སྐྱེལ་བཞིན་ཡོད། དངོས་སྐྱེལ་སོགས་རྗེས་མཐུད་ཀྱི་གནད་དོན་ཐག་གཅོད་མ་ཐུབ་པས། ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་འབོར་ཆེན་ཡོ་རོབ་གླིང་ཤར་མ་རྒྱལ་ཁབ་ཁོ་ནར་མ་གཏོག་བཙོང་ཐུབ་ཀྱིན་མེད་ལ། དེས་ས་དེའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལ་བརྡབ་གསིག་ཐེབས་པས། རྒྱལ་ཁབ་མང་བོའི་ཞིང་པས་དེར་ངོ་རྒོལ་བྱས་པ་རེད།
ཕོ་ལན་དང་ཧང་ག་རིའི་སྲིད་གཞུང་གིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ཝུའུ་ཁི་ལན་ནས་དྲུད་ཡོང་བའི་འབྲུ་རིགས་དང་གཞན་པའི་ཞིང་ལས་ཐོན་རྫས་ཁ་ཤས་ནང་འདྲེན་བྱེད་མཚམས་བཞག་སྟེ། རྒྱལ་ཁབ་རང་གི་ཞིང་ལས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐག་བཅད། སི་ལོ་ཧྥ་ཁི་དང་པུར་ཀ་རི་ཡས་ཀྱང་དེ་དང་འདྲ་བའི་བྱེད་ཐབས་སྤྱད།