ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲའེ་ཅུན་གྱིས་ཚེས་ཉེར་བརྒྱད་ཉིན་ལེ་པ་ནུན་ལ་འཚམས་འདྲི་བྱས་ཏེ། སོ་སོར་ལེ་པ་ནུན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མུས་ཁ་ཐིས་དང་། གྲོས་དཔོན་པེ་ལེ། ཕྱི་འབྲེལ་པུའུ་ཀྲང་ཧ་པེ་པུའུ་བཅས་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་སོགས་ཀྱི་སྐོར་ནས་བསམ་འཆར་བརྗེ་རེས་བྱས།
ཀྲའེ་ཅུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་། དངོས་གཉེར་མཉམ་ལས་བརྟན་བརླིང་སྒོས་སྤེལ་ཡོད། ན་ནིང་གི་ཟླ་བཅུ་གཉིས་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མུས་ཁ་ཐིས་གཉིས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་སུ་རྒྱལ་ཁའི་ངང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོས་ལེ་པ་ནུན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་བ་དོན་འཁྱོལ་བཟང་བོ་བྱས་ཏེ། ཀྲུང་གོ་དང་ལེ་པ་ནུན་གྱི་མཛའ་མཐུན་མཉམ་ལས་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་འདོད་ཡོད་ཟེར།
ཀྲའེ་ཅུན་གྱིས་བཤད་རྒྱུར། ཉེ་སྔོན་སོ་ཏི་ཨ་རབ་དང་དབྱི་ལང་གིས་པེ་ཅིང་ནས་གྲོས་མོལ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། གྲོས་མོལ་བརྒྱུད་དེ་འགལ་བ་སེལ་བ་དང་ཁྱིམ་མཚེས་བར་གྱི་མཛའ་མཐུན་མངོན་འགྱུར་བྱེ་པའི་མིག་དཔེ་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་མཐུན་སྒྲིལ་མཉམ་ལས་ཐད་མཐུན་རྐྱེན་བསྣན་ཡོད་ལ། ལེ་པ་ནུན་གྱི་གནས་བབ་ཇེ་ལེགས་སུ་གཏོང་བ་དང་། ལེ་པ་ནུན་ཉེན་ཚབས་ལས་ཐར་བར་ཡང་མཐུན་རྐྱེན་བསྐྲུན་ཡོད། ཀྲུང་གོས་དེའི་ཆེད་དུ་མུ་མཐུད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།
ལེ་པ་ནུན་ཕྱོགས་ཀྱིས་བཤད་རྒྱུར། ལེ་པ་ནུན་དང་ཀྲུང་གོ་གཉིས་གནའ་ནས་བཟུང་འགྲིག་ཅིང་མཐུན། ལེ་པ་ནུན་ཕྱོགས་ཀྱིས་ཀྲུང་གོས་ཡུན་རིང་བོར་ལེ་པ་ནུན་གྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ལེ་པ་ནུན་གྱི་དཔལ་འབྱོར་གོང་འཕེལ་དང་དམངས་ཚིས་ལེགས་བཅོས་ཐད་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ལེ་པ་ནུན་གྱིས་ཀྲུང་གོ་དང་མཉམ་དུ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་གནད་དོན་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མི་ཆོས་བརྗེ་རེས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ལེ་པ་ནུན་གྱི་འབྲེལ་བར་གྲུབ་འབྲས་གསར་པ་ལེན་འདོད་ཡོད་ཟེར།
ལེ་པ་ནུན་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལང་གིས་ཀྲུང་གོའི་བར་འདུམ་འོག་ཏུ་འབྲེལ་བ་སླར་གསོ་བྱས་པར་རྟེན་འབྲེལ་ཞུས་པ་དང་། སོ་ཏི་ཨ་རབ་དང་དབྱི་ལང་གི་འབྲེལ་བ་ཇེ་བཟང་དུ་གྱུར་པ་དེས་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཆབ་སྲིད་ཀྱི་ལམ་ནས་གནད་དོན་གལ་ཆེན་ཐག་གཅོད་པ། ལྷག་པར་དུ་ལེ་པ་ནུན་གྱི་གནས་བབ་ཐག་གཅོད་པ་བཅས་ལ་ཤན་ཤུགས་བཟང་བོ་ཐེབས་ངེས་པར་འདོད་ལ། ཀྲུང་གོས་ས་ཁུལ་གྱི་གནད་དོན་ཐད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད་ཟེར།