ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཚེས་ཉེར་བརྒྱད་ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁ་དང་ཧན་གོས་ཉེ་སྔོན་སྤེལ་བའི་ཝ་ཧྲིན་ཏོན་བསྒྲགས་གཏམ་ལ་རྒོལ་གཏམ་དྲག་པོ་བཏང་སྟེ། ཁྲའོ་ཞན་ཕྱོགས་ཀྱིས་ཁོ་ཚོའི་བྱ་སྤྱོད་དེ་གཞིར་བཟུང་ནས་དེ་མཚུངས་ཀྱི་རང་སྲུང་དབང་ཆ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།
གསལ་བསྒྲགས་ནང་དུ་བཤད་རྒྱུར། ཝ་ཧྲིན་ཏོན་བསྒྲགས་གཏམ་གྱིས་བཙན་འཛུལ་རང་བཞིན་ཆེས་ཆེར་ལྡན་པའི་དགྲར་འཛིན་བྱེད་ཐབས་སྤྱོད་པའི་ལྐོག་གཡོ་དང་ངན་དགུ་ཚང་བའི་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེས་ཨེ་ཤ་ཡའི་ཤར་བྱང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་གནོད་པ་ཚབས་ཆེན་བསྐྱལ་ངེས་ཟེར།
གསལ་བསྒྲགས་ནང་དུ་བཤད་རྒྱུར། དགྲར་འཛིན་སྟོབས་ཤུགས་ཀྱིས་སྨྱོ་ཧམ་ཆེན་པོས་ཉིང་རྡུལ་དམག་འཁྲུག་གི་སྦྱོང་བརྡར་ཇི་ལྟར་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་ས་ཁུལ་དུ་འཐབ་ཇུས་ཉིང་རྡུལ་ཐོན་ཁུངས་སྔར་ལས་མང་བོ་ཇི་ལྟར་བཀོད་སྒྲིག་བྱས་ན། ཁྲའོ་ཞན་ཕྱོགས་ཀྱིས་དེ་མཚུངས་ཀྱི་རང་སྲུང་དབང་ཆ་ལག་བསྟར་བྱེད་ཚད་དེ་ལྟར་ཇེ་མང་དུ་གཏོང་ངེས་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་དང་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་གིས་ཀྱིས་ཉེ་སྔོན་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀས་ཧན་གོར་རོགས་སྐྱོར་སྔར་ལས་ཆེན་པོ་བྱེད་པར་འཐད་པ་བྱུང་བར་མ་ཟད། ཝ་ཧྲིན་ཏོན་བསྒྲགས་གཏམ་ཞེས་པ་སྤེལ་ནས། ཨ་མེ་རི་ཁ་དང་ཧན་གོའི་ཉིང་རྡུལ་ཉེན་ཚབས་ཀྱི་གྲོས་མོལ་རྒྱ་བསྐྱེད་པ་དང་། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་དང་ལད་ཟློས་སྦྱོང་བརྡར་ཇེ་མང་དུ་གཏོང་བ། ཨ་མེ་རི་ཁ་དང་ཧན་གོའི་ཉིང་རྡུལ་གྲོས་མོལ་ཚན་ཆུང་གི་རྐྱེན་སྲོལ་འཛུགས་པ། ཕྱེད་གླིང་མཐའ་སྐོར་གྱི་ཨ་མེ་རི་ཁའི་འཐབ་ཇུས་མ་རྩ་གཏོང་ཚད་རྒྱ་བསྐྱེད་པ་སོགས་བྱ་རྒྱུ་ཡིན་ཞེས་བཤད།