ཨུ་རུ་སི་དཀར་པོས་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་སྟེ་རྒྱལ་ཁབ་སོ་སོའི་རྒྱལ་ཁའི་ལམ་དུ་བསྐྱོད་པ་ཞེས་པའི་སྒོར་ཅོག་གྲོས་ཚོགས་བསྡུས།
2023.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་སྟེ་རྒྱལ་ཁབ་སོ་སོ་རྒྱལ་ཁའི་ལམ་དུ་བསྐྱོད་པ་ཞེས་པའི་སྒོར་ཅོག་གྲོས་ཚོགས་ཚེས་ཉེར་བདུན་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུར། ཨུ་རུ་དཀར་པོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེ་ཞའོ་ཡུང་དང་ཨུ་རུ་སི་དཀར་པོའི་ཙུང་ལི་གཞོན་པ། ཨུ་རུ་དཀར་པོ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐོ་ཅི་ཁི་སོགས་སྐུ་མགྲོན་ལྔ་བཅུ་ལྷག་གྲོས་ཚོགས་ལ་ཞུགས།

ཞའེ་ཞའོ་ཡུང་གིས་གཙོ་དོན་གཏམ་བཤད་སྤེལ་སྐབས་ཀྲུང་གོས་བཏོན་པའི་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ངོ་སྤྲོད་བྱས་པ་དང་། གྲོས་འགོ་དེ་ལས་འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ཐུན་མོང་གིས་དར་སྤེལ་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱེད་པ། དཔལ་ཡོན་འཛིན་སྐྱོང་གཙིགས་སུ་འཛིན་པ། རྒྱལ་སྤྱིའི་མི་ཆོས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་བཅས་ནན་གྱིས་བསྟན་ཡོད། ཁོས་བཤད་རྒྱུར། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཞི་བདེར་བརྩོན་པ་དང་གོང་འཕེལ་སྙེག་པ། དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ་ཐུན་མོང་གི་འགྲན་སློང་ལ་འཕྲད་ཡོད་པས། ཤེས་རིག་བརྗེ་རེས་ལ་ཤུགས་སྣོན་རྒྱུ་དང་དམངས་སེམས་མཉམ་འདྲེས་ལ་ཡར་སྐུལ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་ཟེར།

ཐོ་ཅི་ཁི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ཀྲུང་གོས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཡོངས་ཁྱབ་ཏུ་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏེན་མེ་གླིང་བཅས་ཀྱི་སྤྱི་ཁྱབ་ཅུའུ་ཡི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཞེ་ཉིའུ་ཐ་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོའི་དམིགས་ཡུལ་ནི་མི་ཆོས་ཁྱབ་ཁོངས་ཀྱི་མཉམ་ལས་ཐབས་ལམ་རྒྱ་བསྐྱེད་པ་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱེད་རྒྱུ་དེ་ཡིན་ལ། དེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་འཛམ་གླིང་ཡོངས་ཀྱི་འགྲན་སློང་སེལ་བར་ཕན་པ་ཡོད། དེ་ནི་སྔར་ལས་བརྟན་འཇགས་འཆམ་མཐུན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་བསྐྲུན་པར་གོམ་སྟབས་གལ་ཆེན་ཞིག་སྤོས་པ་རེད་ཟེར།

ཨུ་རུ་སི་དཀར་པོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་སཱོ་ཁི་ཨར་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལ་མཚོན་ན་མཐུན་སྒྲིལ་མཉམ་ལས་དང་གྲོས་མོལ་བརྗེ་རེས་ཀྱི་དགོས་མཁོ་དེ་དུས་སྐབས་གང་ལས་ཀྱང་ཆེ་མོད། ཡིན་ནའང་རྒྱལ་ཁབ་ལ་ལས་བསམ་བཞིན་དུ་ཁ་བྲལ་དུ་གཏོང་འདོད་པ་དང་འཛམ་གླིང་སྟེང་དུ་རྩོད་གཞི་སློང་རྩིས་ཡོད། ཀྲུང་གོས་བཏོན་པའི་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་དེས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དཔལ་ཡོན་གྱི་བརྗེ་རེས་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་ཀྱི་འབོད་སྐུལ་བཏང་ཡོད་པ་དང་། ཨུ་རུ་སི་དཀར་པོའི་གུང་ཁྲན་ཏང་གིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།