སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་གྱིས་ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲའེ་ཅུན་ལ་ཐུག་འཕྲད་བྱས།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གོ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀྲའེ་ཅུན་གྱིས་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་སི་རི་ཡར་འཚམས་འདྲི་བྱས་པ་དང་། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་གྱིས་ཉིན་དེར་ཏ་མ་སི་ཁོའི་མི་དམངས་ཕོ་བྲང་ནས་ཀྲའེ་ཅུན་ལ་ཐུག་འཕྲད་བྱས།

པ་ཧྲ་ཨར་གྱིས་བཤད་རྒྱུར། སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོས་སི་རི་ཡས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱས་ཏེ་ཕྱིའི་སྟོབས་ཤུགས་ཀྱིས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་ཐད་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་པ་དང་། ཀྲུང་གོས་སི་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་ཐད་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་སི་རི་ཡ་རུ་ས་ཡོམ་བྱུང་རྗེས་མྱུར་དུ་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། སི་རི་ཡས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་ཟེར།

པ་ཧྲ་ཨར་གྱིས་ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་ལང་བར་དུ་འབྲེལ་བ་སླར་གསོ་བྱེད་པར་བར་འདུམ་བྱས་ཏེ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། སི་ཏི་ཨ་རབ་དང་དབྱི་ལང་འགྲིག་མཐུན་བྱུང་བ་དེས་རྒྱལ་སྤྱིའི་གནས་བབ་དང་ས་ཁུལ་གྱི་གནས་བབ་ཐད་གལ་ཆེ་བའི་ཤན་ཤུགས་བཟང་བོ་ཐེབས་ངེས་པར་འདོད་ཟེར། ཁོས་བཤད་རྒྱུར། ཀྲུང་གོས་སི་རི་ཡ་དང་ཨ་རབ་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་བྱ་བ་བསྒྲུབས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་སྔར་ལས་ཆེན་པོ་འདོན་པའི་དགའ་བསུ་ཞུ་ཟེར།

ཀྲའེ་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་སི་རི་ཡའི་འབྲེལ་བ་བསྟུད་མར་གོང་འཕེལ་དུ་སོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་ཆེར་སོང་ཡོད། ཉིས་སྟོང་ཉེར་གཅིག་ལོར་ཀྲུང་གོ་དང་སི་རི་ཡའི་གཙོ་འཛིན་གྱིས་ཕན་ཚུན་ཁ་པར་བཏང་ནས་ཀྲུང་གོ་དང་སི་རི་ཡའི་འབྲེལ་བ་གོང་དུ་སྤེལ་བར་འཐབ་ཇུས་སྣེ་ཁྲིད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན། ཀྲུང་གོས་སི་རི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་བ་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཕ་རོལ་བའི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ལེན་འདོད་ཡོད་ཟེར།

ཀྲའེ་ཅུན་གྱིས་བཤད་རྒྱུར། ཙུང་ཐུང་པ་ཧྲ་ཨར་གྱི་མགོ་ཁྲིད་བརྟན་པོའི་འོག་ཏུ། སི་རི་ཡའི་མི་དམངས་ཀྱིས་འཇིགས་སྐུལ་ལ་རྒོལ་བ་དང་ཐེ་གཏོགས་ལ་རྒོལ་བའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཧུར་ཐག་གིས་གསར་འབྱེད་བྱས་པ་དེར་ཀྲུང་གོས་གཟེངས་བསྟོད་བྱེད་བཞིན་ཡོད། སི་རི་ཡའི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་དངོས་སུ་བརྩི་བཀུར་དང་སྲུང་སྐྱོང་བྱེད་འོས། ཀྲུང་གོས་ཨ་མེ་རི་ཁ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མྱུར་དུ་སི་རི་ཡར་ཕྱོགས་གཅིག་གི་བཀག་སྡོམ་དང་དཔལ་འབྱོར་བཀག་རྒྱ་སེལ་རྒྱུའི་འབོད་སྐུལ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷག་བསམ་རྣམ་དག་སྒོས་སི་རི་ཡའི་མི་དམངས་ལ་མི་ཆོས་དང་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན། ཀྲུང་གོས་སི་རི་ཡས་ཨ་རབ་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཐད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།

སི་རི་ཡར་འཚམས་འདྲི་བྱེད་པའི་སྐབས་སུ། ཀྲའེ་ཅུན་གྱིས་ད་དུང་སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མཱེ་ཁི་ཏ་ཏི་ལ་ཐུག་འཕྲད་བྱས།