ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེ་རུ་གཞན་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་ཧྲིན་ཧ་ཞིན་ཐོ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ས་དེའི་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་ས་ཆ་དེ་ནས་མི་གཞན་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། དོན་རྐྱེན་ཁྲོད་དུ་ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།

ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་བར་དུ་ཉེན་རྟོག་ཕྱོགས་ཀྱིས་ད་དུང་དོན་རྐྱེན་དེའི་དོགས་ཡོད་ཉེས་ཅན་སྔོག་བཤེར་བྱེད་བཞིན་ཡོད།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་ཞིའུ་སི་ཏོན་བྱང་ཕྱོགས་ཀྱི་སྤྱི་ལེ་དགུ་བཅུའི་མཚམས་ཀྱི་གྲོང་རྡལ་ཆུང་བ་ལེ་ཧྥུའུ་ལན་ཞེས་པའི་སྡོད་ཁང་ཞིག་ཏུ་བྱུང་བ་རེད། ཉེན་ཞུ་ཁ་པར་འབྱོར་རྗེས་ཉེན་རྟོག་ཕྱོགས་མྱུར་དུ་དོན་རྐྱེན་བྱུང་སར་ཐོན་ལ། ས་དེ་རུ་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་གཅིག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་སོང་ཟེར།

ཧྲིན་ཧ་ཞིན་ཐོ་རྫོང་གི་ཉེན་རྟོག་དཔོན་པོ་ཁ་པོ་སི་ཡིས་ས་དེའི་སྨྱན་སྦྱོར་ལ་བཤད་རྒྱུར། བརྟག་དཔྱད་བྱས་པ་ལྟར་ན། མེ་མདས་རྒྱག་མཁན་དེ་ནམ་གུང་ཆང་གིས་བཟི་ནས་རང་ཁྱིམ་གྱི་ར་སྐོར་དུ་རང་དགར་མེ་མདས་བར་སྣང་དུ་བརྒྱབ་པ་དང་། དེའི་ཁྱིམ་མཚེས་ཁོ་ལ་རང་གི་བྱིས་པ་གཉིད་དགོས་པས་མེ་མདས་རྒྱག་མཚམས་འཇོག་རྒྱུའི་རེ་བ་བཏོན། དེའི་རྗེས་སུ་མི་དེས་རང་གི་ཁྱིམ་མཚེས་ཚང་ལ་མེ་མདས་བརྒྱབ་པ་རེད་ཟེར།