ཅོར་ཏན་དང་སོ་ཏི་ཨ་རབ། དབྱི་རག ཨེ་ཅིབ་དང་སི་རི་ཡ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་གཅིག་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གྲོས་མོལ་བྱས་ཏེ། སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་ཐབས་ལ་གྲོས་སྡུར་བྱས་པར་མ་ཟད། སི་རི་ཡའི་ཉེན་ཚབས་ཐག་གཅོད་རྒྱུ་དེ་དམིགས་བསལ་གྱི་དོན་དག་ཞིག་ཏུ་བརྩི་དགོས་ཞེས་ནན་གྱིས་བསྟན།
ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚོགས་འདུར་ཞུགས་པའི་ཕྱི་འབྲེལ་པུའུ་ཀྲང་ཚོས་སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་ཐབས་དེ་སི་རི་ཡ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་གཏན་ཁེལ་བྱེད་དགོས་ལ། དེ་སི་རི་ཡའི་ཡུལ་གྱར་བ་རྣམས་རང་མོས་དང་བདེ་འཇགས་སྒོས་ཕྱིར་རང་རྒྱལ་ཁབ་ཏུ་ལོག་པར་ཕན་པ་ཡོད་དགོས་ལ། དེས་སི་རི་ཡའི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པ་དང་། ཕྱི་རྒྱལ་གྱི་དམག་དཔུང་སི་རི་ཡ་ནས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བཤད་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད2254པ་བརྩི་སྲུང་བྱེད་པའི་ཆ་རྐྱེན་འོག་ཏུ། སི་རི་ཡའི་མི་ཆོས་རིང་ལུགས་དང་བདེ་འཇགས། ཆབ་སྲིད་བཅས་ཀྱི་ཉེན་ཚབས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་ཐབས་སྐོར་ནས་གྲོས་མོལ་བྱེད་རྒྱུ་ཡིན། དེ་དང་མཉམ་དུ་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། སི་རི་ཡ་ལ་མི་ཆོས་རིང་ལུགས་དང་སྨན་བཅོས་རོགས་སྐྱོར་བྱེད་པ་དང་། བསྐྱར་འཛུགས་ལས་གཞི་མྱུར་དུ་ལག་བསྟར་བྱེད་རྒྱུ་ཡིན་ལ། དེའི་ནང་དུ་ཕ་ཡུལ་ལ་ཕྱིར་ལོག་པའི་སི་རི་ཡའི་ཡུལ་གྱར་བར་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་པོ་འདོན་སྤྲོད་བྱེད་རྒྱུ་ཡང་འདུ་ཟེར།
ཚོགས་འདུར་ཞུགས་པའི་ཕྱི་འབྲེལ་པུའུ་ཀྲང་རྣམས་ད་དུང་སི་རི་ཡ་དང་ཅོར་ཏན་དང་དབྱི་རག་སོགས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། འཇིགས་སྐུལ་རྩ་འཛུགས་དང་མཐའ་མཚམས་ནག་ཉེས་བྱ་འགུལ་ལ་མཉམ་དུ་ཆམ་ཕབ་གཏོང་བར་འཐད་པ་བྱུང་།
མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དྲུག་དང་ཨེ་ཅིབ། དབྱི་རག ཅོར་ཏན་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཅི་ཏཱ་ནས་ཚོགས་འདུ་བསྡུས་ཏེ། སི་རི་ཡའི་ཉེན་ཚབས་ཐད་ཐུན་མོང་གི་ལྟ་བ་བྱུང་ནས། ཨ་རབ་རྒྱལ་ཁབ་དག་གིས་ཉེན་ཚབས་དེ་མཇུག་སྒྲིལ་བར་བྱེད་པའི་ཐད་མགོ་ཁྲིད་ཀྱི་ནུས་པ་འདོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། གྲོས་མོལ་ལ་ཤུགས་བསྣན་ནས་དེའི་ཐད་ཀྱི་འབད་བརྩོན་ལ་གྲུབ་འབྲས་སྨིན་པར་བྱེད་རྒྱུར་འཐད་པ་བྱུང་།