ཐུར་ཁེས་སི་རི་ཡའི་བྱང་ཕྱོགས་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མགོ་གཙོ་བསད་པ་ཡིན་ཞེས་བཤད།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་ཁྱབ་བསྒྲགས་བྱེད་རྒྱུར། ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་སི་རི་ཡའི་བྱང་ཕྱོགས་ཀྱི་འགུལ་སྐྱོད་ཅིག་གི་ཁྲོད་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་མགོ་གཙོ་ཨ་པུའུ་ཧུ་སའེ་དབྱིན་ཁུའུ་ལཱ་ཞི་བསད་པ་ཡིན་ཟེར།

ཨེ་ཨར་ཏོ་ཨན་གྱིས་ཐུར་ཁེའི་རྒྱང་སྒྲོག་བརྙན་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུར་ཁེའི་གསང་འཕྲིན་ཅུའུ་ཡིས་མི་དེའི་རྗེས་དེད་ནས་ཡུན་རིང་འགོར་ཡོད་ཟེར། ཨེ་ཨར་ཏོ་ཨན་གྱིས་ད་དུང་ང་ཚོས་འཇིགས་སྐུལ་རྩ་འཛུགས་ཡོད་ཚད་ལ་མུ་མཐུད་དུ་ཆམ་ཕབ་གཏོང་རྒྱུ་ཡིན་ཞེས་བཤད།

ཐུར་ཁེའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཨ་པུའུ་ཧུ་སའེ་དབྱིན་ཁུའུ་ལཱ་ཞི་ནི་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་སི་རི་ཡའི་བྱང་ཕྱོགས་ཀྱི་གྲོང་རྡལ་ཀྲན་ཏའེ་ལེ་སི་ནས་བསད་པ་རེད། ཕྱོགས་གཉིས་ཀས་དུས་ཚོད་གཅིག་ཙམ་གྱི་རིང་འཐབ་འཁྲུག་བརྒྱབ་པ་དང་། དེའི་རྗེས་སུ་ས་དེའི་སྡོད་དམངས་ཀྱིས་འགས་གཏོར་གྱི་སྒྲ་ཆེན་པོ་ཞིག་ཐོས་སོང་ཟེར།

ཨ་པུའུ་ཧུ་སའེ་དབྱིན་ཁུའུ་ལཱ་ཞི་ནི་ན་ནིང་གི་ཚུན་ལ་བསད་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་མགོ་གཙོ་གསུམ་པ་རེད། ཁོ་ན་ནིང་གི་ཟླ་བཅུ་གཅིག་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མགོ་གཙོ་གསར་པར་གྱུར་པ་རེད།