དབྱི་ལང་གི་ཕྱི་འབྲེལ་པུའུ་ཡིས་དབྱི་ལང་གི་སོ་ཏི་ཨ་རབ་ཏུ་སྡོད་པའི་གཞུང་ཚབ་ཁང་གིས་ཡང་བསྐྱར་བྱ་བ་སྒྲུབ་མགོ་བརྩམས་ཡོད་ཅེས་བཤད།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ཉི་ཡིས་ཟླ་ལྔ་པའི་ཚེས་གཅིག་ཉིན་བཤད་རྒྱུར། དབྱི་ལང་གི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ལེ་ཡ་ཏི་དང་ཅི་ཏ་རུ་ཡོད་པའི་ཕྱི་འབྲེལ་ལས་ཁུངས་གསུམ་གྱིས་ཡང་བསྐྱར་བྱ་བ་སྒྲུབ་མགོ་བརྩམས་ཡོད་ཟེར། ཁོས་དེ་ནི་དབྱི་ལང་ཕྱི་འབྲེལ་ལས་ཁུངས་ཀྱིས་བྱ་བ་སླར་གསོ་བྱས་པའི་དུས་རིམ་དང་པོ་ཡིན་ལ། དབྱི་ལང་གི་ཕྱི་འབྲེལ་ལས་ཁུངས་དེ་དག་གིས་སྔོན་ལ་གཏན་ཁེལ་བྱས་པའི་དུས་ཚོད་ནང་དུ་ཕྱོགས་ཡོངས་ནས་བྱ་བ་སྒྲུབ་མགོ་རྩོམ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།

ཁཱ་ནཱ་ཉི་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱི་འབྲེལ་ལས་ཁུངས་གསུམ་པོ་དེ་ནི་སོ་སོར་དབྱི་ལང་གི་ལེ་ཡ་ཏི་རུ་སྡོད་པའི་གཞུང་ཚབ་ཁང་དང་། དབྱི་ལང་གི་ཅི་ཏ་རུ་སྡོད་པའི་སྤྱིའི་དོན་གཅོད་ཁང་། དབྱི་ལང་གི་དབྱི་སི་ལན་མཉམ་ལས་རྩ་འཛུགས་སུ་སྡོད་པའི་འཐུས་ཚབ་ཁང་བཅས་ཡིན་ཟེར།

སོ་ཏི་ཨ་རབ་དང་དབྱི་ལང་བར་དུ་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་བཅད་པ་རེད། ཀྲུང་གོའི་རྒྱབ་སྐྱོར་འོག་ཏུ། སོ་ཏི་ཨ་རབ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཀྱིས་ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་དུ་གྲོས་མོལ་བྱས་ལ། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་བསྒྲགས་བཀོད་པར་མ་ཟད་དེ་ཁྱབ་བསྒྲགས་བྱས་ཤིང་། སོ་ཏི་ཨ་རབ་དང་དབྱི་ལང་ཕྱོགས་གཉིས་ཀ་འབྲེལ་བ་སླར་གསོ་བྱ་རྒྱུར་འཐད་པ་བྱུང་བ་དང་། པེ་ཅིང་གྲོས་ཆོད་བཀོད་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཕྱོགས་གསུམ་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ་ནན་གྱིས་བསྟན།

ཟླ་བཞི་པའི་ཚེས་དྲུག་ཉིན་སོ་ཏི་ཨ་རབ་དང་དབྱི་ལང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་འབྲེལ་བ་སླར་གསོ་བྱས་པ་ཡིན་ཞེས་བསྒྲགས།