ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་ཡིས་ཞི་བདེ་སྲུང་སྐྱོབ་ཀྱི་ཕྱོགས་ཡོངས་ཀྱི་སྔོན་རྩིས་གྲུབ་འབྲས་ལ་དོ་དམ་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱུའི་འབོད་སྐུལ་བཏང་།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་ཡིས་ཕྱོགས་ཡོངས་ཀྱི་སྔོན་རྩིས་གྲུབ་འབྲས་ལ་དོ་དམ་བྱེད་པར་མུ་མཐུད་ཤུགས་བསྣན་ཏེ། ནང་ཁུལ་གྱི་ཚོད་འཛིན་ལ་དངོས་སུ་ཤུགས་བསྣན་ནས། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཕན་འབྲས་མཐོར་འདེགས་བྱེད་རྒྱུའི་འབོད་སྐུལ་བཏང་།

ཏའེ་པེན་གྱིས་ཉིན་དེར་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྲིད་འཛིན་དང་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ནས། ནོར་སྲིད་ནི་མཉམ་འབྲེལ་རྒྱལ་ཚོགས་བཅོས་སྐྱོང་གི་རྨང་གཞི་དང་གཞི་རྟེན་གལ་ཆེན་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་རྐྱང་བའི་སྔོན་རྩིས་ཆེས་ཆེན་པོ་ཡིན་པའི་ཆ་ནས། ཞི་བདེ་སྲུང་སྐྱོབ་མ་དངུལ་གྱི་གཞི་ཁྱོན་དེ་ཨ་སྒོར་ཐེར་འབུམ་འགའ་རུ་སླེབས་ཡོད། ཀྲུང་གོས་དུས་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྲིད་འཛིན་དང་སྔོན་རྩིས་ཨུ་ཡོན་ལྷན་ཁང་གིས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པའི་རྩ་དོན་ལྟར། ཞི་བདེ་སྲུང་སྐྱོབ་ཀྱི་སྔོན་རྩིས་ལ་ཞིབ་བཤེར་གྲོས་སྡུར་ནན་མོ་བྱས་ཏེ། ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལག་བསྟར་ཐད་དགོས་ངེས་ཀྱི་ཐོན་ཁུངས་འདོན་སྤྲོད་བྱེད་པའི་དབང་ཆ་གནང་རྒྱུའི་ལྟ་སྟངས་བཟུང་ཡོད་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་དྲུང་ཡིག་ཆེན་མོས་གྲོས་སྡུར་བྱ་རྩིས་ཡོད་པའི་ཞི་བདེ་སྲུང་སྐྱོབ་ཀྱི་སྔོན་རྩིས་དེ་སྔོན་ཆད་ལས་ཅུང་མཐོ་བར་བརྟེན་ནས། ཚོགས་ཞུགས་རྒྱལ་ཁབ་ཀྱི་ནོར་སྲིད་ཁུར་བོ་ཇེ་ལྗིད་དུ་སོང་བ་དང་། ཚོགས་ཞུགས་རྒྱལ་ཁབ་མང་བོས་དེར་སེམས་ཁུར་བྱེད་བཞིན་པས། དེར་གཟབ་ནན་གྱི་ལྟ་སྟངས་འཛིན་དགོས་པར་མ་ཟད་གྲོས་ཞིབ་ནན་མོ་བྱེད་དགོས། ཀྲུང་གོས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་ཕྱི་ཕྱོགས་རྩིས་བཤེར་ལྟ་སྐུལ་འགན་ནུས་འདོན་སྤེལ་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོས་གཞི་རྩ་ཆེན་བཏོན་ནས་སྔོན་རྩིས་དོ་དམ་བསྟུད་མར་ལེགས་སྒྱུར་བྱེད་ངེས་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་དམག་མི་དང་ཉེན་རྟོག་པ་མངགས་པའི་རྒྱལ་ཁབ་དག་ལ་ཁ་གསབ་མ་དངུལ་སྟེར་བར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་ལས་འགན་ཧུར་ཐག་གིས་ལག་བསྟར་བྱེད་པ་ཡིན། ཞི་བདེ་སྲུང་སྐྱོབ་ཚོགས་པ་སོ་སོས་ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་བཀོལ་སྤྱོད་བྱས་ཏེ་ཆོག་མཆན་གནང་བའི་ལས་འགན་གཙོ་བོ་ལག་བསྟར་བྱེད་དགོས། དེང་སྐབས་ས་ཁུལ་གྱི་གནས་བབ་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་པ་དང་། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ཐད་ཀྱི་ཉེན་ཁ་ཡང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། ཞི་བདེ་སྲུང་སྐྱོབ་མི་སྣ་མངགས་པ་ཆེས་མང་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་དང་ཞི་བདེ་སྲུང་སྐྱོབ་ཐད་མ་དངུལ་བཏང་ཚད་ཨང་གཉིས་པ་ཟིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་དེའི་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་ནན་མོ་བྱས་ཏེ། ཐོན་ཁུངས་བཀོད་གཏོང་ལ་ཁག་ཐེག་བྱེད་པ་དང་། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ཐད་ཀྱི་ཉེན་ཁ་སྣ་ཚོགས་ལ་ཡང་དག་པར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་དེ་ཕན་ནུས་ལྡན་པར་སེལ་བ། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་གྲོས་རིམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་ལེན་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཞི་བདེའི་དངུལ་བསྡུ་རྐྱེན་སྲོལ་འཛུགས་པའི་གྲོས་གཞི་དེར་ན་ནིང་ནས་བཟུང་གྲོས་སྡུར་བྱས་རྗེས། ཐེངས་གསུམ་ལ་རྗེས་སུ་བསྣུར་སོང་། ཀྲུང་གོས་ཞི་བདེའི་དངུལ་བསྡུ་རྐྱེན་སྲོལ་འཛུགས་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། གྲོས་སྡུར་ཁྲོད་རང་འགུལ་སྒོས་ཞུགས་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་ཡོད་ནོར་སྲིད་སྒྲིག་སྲོལ་དང་སྔོན་རྩིས་དོ་དམ་ཐག་གཅོད་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཏོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནོར་སྲིད་དོ་དམ་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་སྲོལ་རྒྱུན་ལ་བརྩི་བཀུར་གང་ལེགས་བྱེད་འོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ནི་ཞི་བདེའི་དངུལ་བསྡུ་རྐྱེན་སྲོལ་འཛུགས་པར་མ་དངུལ་གཏོང་མཁན་གཙོ་བོ་ཡིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་འགྱུར་མི་རུང་ལ་བསྒྱུར་མི་འོས་ཟེར།