མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ལ་དྲུང་ཡིག་ཆེན་མོ་གཞོན་པ་མངགས་ནས་མི་ཆོས་རོགས་སྐྱོར་བྱ་བ་སྒྲུབ་ཏུ་བཅུག
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ། འཕྲལ་བསྟུན་རོགས་སྐྱོབ་མཐུན་སྦྱོར་བ་མཱ་ཏེན་ཀི་ལེ་ཧྥེ་སི་སུའུ་ཏན་ལ་འགྲོ་བཞིན་པ་དང་། དེའི་དམིགས་ཡུལ་ནི་སུའུ་ཏན་གྱི་མི་ཆོས་རོགས་སྐྱོར་བྱ་བ་སྒྲུབ་རྒྱུ་དེ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་ཏེ་ཡ་ལེ་ཁི་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། སུའུ་ཏན་གྱི་མི་ཆོས་ཉེན་ཚབས་ཛ་དྲག་ཏུ་གྱུར་པར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཀི་ལེ་ཧྥེ་སི་མྱུར་དུ་སུའུ་ཏན་ལ་མངགས་པ་རེད། དེང་སྐབས་མི་ཆོས་ཉེན་ཚབས་ཛ་དྲག་ཏུ་འགྲོ་བའི་གཞི་ཁྱོན་དང་མྱུར་ཚད་དེ་སུའུ་ཏན་ལ་མཚོན་ན་སྔོན་ཆད་བྱུང་མ་མྱོང་བ་ཞིག་ཡིན་ལ། སུའུ་ཏན་དང་ས་ཁུལ་དེའི་གཞི་ཁྱོན་སྔར་ལས་ཆེ་བའི་མང་ཚོགས་ལ་སྐབས་འཕྲལ་དང་ཡུན་རིང་གཉིས་ཀའི་གནོད་པ་བཟོ་སྲིད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

མགྲིན་ཚབ་པས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་མི་སེར་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། མི་སེར་དམག་འཁྲུག་རྒྱག་ས་ནས་བདེ་འཇགས་ངང་ཕྱིར་འཐེན་བྱེད་དུ་འཇུག་དགོས་པ། མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་དང་སྨན་བཅོས་མི་སྣ། ད་དུང་འབྲེལ་ཡོད་སྒྲིག་ཆས་སོགས་ལ་གནོད་པ་མི་ཐེབས་པར་བྱེད་དགོས་པར་མ་ཟད། མི་ཆོས་རོགས་སྐྱོར་འགུལ་སྐྱོད་ཐད་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་ཡང་བསྐྱར་བཏང་ཡོད་ཟེར།

ཀི་ལེ་ཧྥེ་སིས་ཉིན་དེར་ལམ་དུ་མ་ཆས་གོང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ཏན་དུ་དྲག་ཤུགས་འཐབ་འཁྲུག་བྱུང་ནས་གཟའ་འཁོར་གཉིས་འགོར་བའི་རིང་ལ། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐོར་ཞིག་ཏུ་སོང་ཡོད། ཐེངས་འདིར་གནས་བབ་དེ་ལེགས་སྒྱུར་གྱི་བྱེད་ཐབས་འཚོལ་ཞིབ་བྱེད་པར་དམིགས་ནས། ས་དེའི་མང་ཚོགས་ས་ཡ་འགར་ཉེར་མཁོའི་མི་ཆོས་རོགས་སྐྱོར་འདོན་སྤྲོད་སྔར་ལས་བཟང་བོ་བྱ་རྩིས་ཡོད་ཟེར། དེ་དང་མཉམ་དུ་ཁོས་ད་དུང་ཉེན་ཚབས་ཐག་གཅོད་དགོས་ན་སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་ཧ་ཅང་གལ་ཆེ་ཞེས་བཤད།