དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཉིན་དེའི་ཕྱི་དྲོར་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་སོང་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་འཇབ་རྒོལ་དེའི་ཁྲོད་ནས་མི་གསུམ་ལ་རྨས་ཕོག་ཡོད་ཅེས་བཤད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་ནས་ཉིན་དེར་དབྱི་སི་རལ་གྱི་ལྷོ་ཕྱོགས་སུ་མེ་ཤུགས་འཕུར་མདའ་ཉེར་གཉིས་འཕངས་པ་དང་། དེའི་ཁྲོད་ཀྱི་འཕུར་མདའ་བཞི་བཀག་འགོག་བྱས་ཡོད་ཟེར། དོན་རྐྱེན་བྱུང་རྗེས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་། རྒྱལ་སྲུང་པུའུ་ཀྲང་། རྒྱལ་སྲུང་དམག་གི་ཇུས་འདོན་དཔོན་སོགས་བདེ་འཇགས་དཔོན་རིགས་ཀྱིས་མཉམ་དུ་དོན་རྐྱེན་དེར་དཔྱད་འཇོག་བྱས།
དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་རྒྱུར། ཕྱི་རྒྱལ་གྱི་མི་གསུམ་ལ་འཇབ་རྒོལ་ཁྲོད་ནས་རྨས་ཕོག་པས། མྱུར་བ་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར། དབྱི་སི་རལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྨས་མ་གཅིག་ནི་ཀྲུང་གོའི་ལས་ཀ་བ་ཡིན་པ་ངོས་བཟུང་ལ། མིག་སྔར་རྨས་མའི་ལུས་ཕུང་སླར་གསོ་འབྱུང་བཞིན་པ་དང་གནས་ཚུལ་བརྟན་འཇགས་ཡིན།
ཚེས་གཉིས་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ། མེ་ཤུགས་འཕུར་མདའ་གསུམ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ལྷོ་ཕྱོགས་སུ་འཕངས་པ་དང་། དེ་ནི་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡིས་ཁོ་ཚོའི་མཐོ་རིམ་ཁོངས་མི་ཁཱ་ཏེ་ཨར་ཨ་ཏི་ནན་དབྱི་སི་རལ་གྱིས་བཙོན་འཇུག་བྱས་རྗེས་རྐྱེན་ལམ་དུ་ཤོར་བར་རྒོལ་ལན་སྤྲད་པ་ཡིན་པར་འདོད་ཡོད། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་སྒྱོགས་མདེལ་འཕངས་ནས་དེར་རྒོལ་ལན་སྤྲད།