མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩས་ཟླ་ལྔ་པའི་ཚེས་གཅིག་ཉིན་ཨ་སྒོར་ས་ཡ་དྲུག་དང་འབུམ་དགུ་སྟེར་བར་ཆོག་མཆན་བཀོད་ནས། ཕེ་རུ་རྒྱལ་ཁབ་ཀྱི་བྱང་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་པ་དང་ཆུ་ལོག་བརྒྱུགས་པ་ལས་གནོད་འཚེ་ཐེབས་པའི་མང་ཚོགས་འབུམ་གཉིས་དང་ཁྲི་བཞི་སྟོང་ལྔར་རོགས་སྐྱོར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མ་དངུལ་དེ་དག་གིས་གནོད་ཐེབས་མང་ཚོགས་ལ་སྡོད་གནས་དང་བདེ་ཐང་ཞབས་ཞུ། འབྲུ་རིགས་བདེ་འཇགས། འཚོ་བཅུད། ཆུ། ཁོར་ཡུག་དང་སྒེར་གྱི་འཕྲོད་བསྟེན་སོགས་ཕྱོགས་ཀྱི་རོགས་རམ་འདོན་སྤྲོད་བྱ་རྒྱུ་རེད།
ཚ་ཁུལ་གྱི་དབུགས་འཁྱིལ་ཡཱ་ཁུའུ་ཟེར་བ་དེའི་ཤུགས་རྐྱེན་ཐེབས་པས་ཕེ་རུ་རྒྱལ་ཁབ་ཛ་དྲག་གི་གནས་སུ་སླེབས་ཡོད། དྲག་ཆར་བབས་པས་ཝ་ཡ་ཅ་གཙང་བོ་དང་ཝུའུ་ཁ་ཡ་ལེ་གཙང་བོ། ཡཱ་མཱ་སུན་གཙང་བོ་སོགས་ཆེས་ཆེར་རྒྱས་ཏེ། མཐའ་སྐོར་གྱི་སྡེ་བར་གནོད་སྐྱོན་བཟོས་ཡོད།
མིག་སྔར་ཕེ་རུའི་ཐུང་པེ་སི་དང་ཕིས་ཝུའུ་ལཱ། ལན་པ་ཡེ་ཁི། ལཱ་ལེ་པོ་ཐ་ཏི། ཁཱ་ཧ་མཱ་ཁ། ཨན་ཁ་ཧྲིན། ལོ་ལེ་ཐོ། ཐ་ལཱ་པོ་ཐོ་སོགས་ས་ཁུལ་དུ་ནམ་ཟླ་ངན་པའི་ཤུགས་རྐྱེན་ཐེབས་པ་དང་། བསྟུད་མར་ཆར་བ་བབས་པ་ལས་སྲང་ལམ་མང་བོ་བསྣུབས། དབྱི་ཁཱ་དང་ལེ་མཱ། ཕིས་ཝུའུ་ལཱ། ཕུའུ་ནོ། ཐ་ཁི་ནཱ་དང་ཐུང་པེ་སི་སོགས་ས་ཁུལ་དུ་ཆུ་ལོག་འབྱུང་ཉེན་ཆེ།
བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་རུ་རྒྱལ་ཁབ་ཏུ་མིག་སྔར་མི་འབུམ་བདུན་དང་ཁྲི་ལྔ་ཙམ་ལ་གནོད་འཚེ་ཐེབས་ཡོད་པ་དང་། རྗེས་ཕྱོགས་ཀྱི་གཟའ་འཁོར་འགའི་ནང་དུ་གནོད་འཚེ་ཐེབས་པའི་མི་གྲངས་ད་དུང་མུ་མཐུད་ཇེ་མང་དུ་འགྲོ་སྲིད་ཟེར།