ཁོ་ཝེ་ཐིའི་རྒྱལ་དམངས་གྲོས་ཚོགས་སྐབས་བཅུ་དྲུག་པ་ཡང་བསྐྱར་འཐོར་དུ་བཅུག
2023.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁོ་ཝེ་ཐིའི་རྒྱལ་རྒྱུད་འཛིན་མཁན་མུས་ཧྲ་ལེ་ཡིས་རྒྱལ་ཁབ་དེའི་གཙོ་འཛིན་ཏེ་ཨེ་མུས་ཨར་ནཱ་ཝ་ཧྥུའུ་ཡི་ཚབ་བྱས་ཏེ་ཚེས་གཅིག་ཉིན་ཨེ་མུས་ཨར་གྱི་བཀའ་ཁྱབ་སྟེང་མིང་བཀོད་དེ། དེ་སྔོན་སླར་གསོ་བྱས་པའི་རྒྱལ་དམངས་གྲོས་ཚོགས་སྐབས་བཅུ་དྲུག་པ་ཕྱིར་འཐོར་དུ་བཅུག

ཁོ་ཝེ་ཐིའི་དཔོན་ཕྱོགས་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མུའ་ཧྲ་ལེ་ཡིས་རྩ་ཁྲིམས་ལས་གནང་བའི་དབང་ཆ་ཁ་ཤས་བཀོལ་བར་མ་ཟད། མང་ཚོགས་ཀྱི་འདོད་བློར་བརྩི་བཀུར་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་རྒྱལ་དམངས་གྲོས་ཚོགས་སྐབས་བཅུ་དྲུག་པ་འཐོར་དུ་བཅུག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་དམངས་གྲོས་ཁང་འཐོར་དུ་འཇུག་པ་ནི་དབུ་བཞུགས་བློན་ཆེན་གྱིས་གྲོས་འགོ་བཏོན་པ་གཞིར་བཟུང་ནས། ནང་སྲིད་གྲོས་ཚོགས་སྟེང་ཆོག་མཆན་བཀོད་པ་རེད་ཟེར།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། ནཱ་ཝ་ཧྥུའུ་ཡིས་ཨེ་མུས་ཨར་བཀའ་ཁྱབ་སྟེང་མིང་བཀོད་དེ། མུས་ཧྲ་ལེ་ཡིས་ཁོར་གཞོགས་འདེགས་བྱས་ཏེ་རྩ་ཁྲིམས་ཀྱིས་གནང་བའི་དབང་ཆ་ཁ་ཤས་ལག་བསྟར་བྱས་ཆོག་ཅེས་བསྒྲགས། མུས་ཧྲ་ལེ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པར་ཨེ་མུས་ཨར་བཀའ་ཁྱབ་སྟེང་མིང་བཀོད་དེ་རྒྱལ་དམངས་གྲོས་ཚོགས་སྐབས་བཅུ་དྲུག་པ་འཐོར་དུ་བཅུག དེའི་རྗེས་སུ་ཁོ་ཝེ་ཐི་ཡིས་ཉིས་སྟོང་ཉེར་གིས་ལོའི་ཟླ་དགུ་པར་འདེམ་ཤོག་འཕངས་ཏེ། རྒྱལ་དམངས་གྲོས་ཚོགས་སྐབས་བཅུ་བདུན་པ་བདམས་ཐོན་བྱུང་། ད་ལོའི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཁོ་ཝེ་ཐི་ཡི་རྩ་ཁྲིམས་ཁྲིམས་ཁང་གིས་རྒྱལ་དམངས་གྲོས་ཁང་སྐབས་བཅུ་བདུན་པ་འདེམ་བསྐོ་བྱས་པའི་མཇུག་འབྲས་དེས་གོ་ཅི་ཡང་མི་ཆོད་པར་གཏན་ཁེལ་བྱས་པར་མ་ཟད། འཐོར་དུ་བཅུག་ཟིན་པའི་རྒྱལ་དམངས་གྲོས་ཁང་སྐབས་བཅུ་དྲུག་པ་ཡང་བསྐྱར་སླར་གསོ་བྱས།

ཁོ་ཝེ་ཐིའི་གྲོས་ཚོགས་ལ་གྲོས་ཚོགས་གཅིག་གི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་དང་། སྐབས་རེའི་འགན་ཁུར་ཡུན་ལོ་བཞི་ཡིན། ཁོ་ཝེ་ཐིའི་ནང་སྲིད་ཁང་དང་རྒྱལ་དམངས་གྲོས་ཚོགས་བར་གྱི་འབྲེལ་བ་དུས་ཡུན་རིང་བོར་ཛ་དྲག་ཏུ་གྱུར་པ་དང་། གྲོས་མི་མང་བོས་ནང་སྲིད་ཁོངས་མི་ལ་ཐེངས་མང་པོར་དོགས་འདྲི་བྱས་མྱོང་།