ཕ་ལེ་སི་ཐན་གྱི་མི་སྣས་ཚེས་གསུམ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨེ་ཅིབ་དང་ཁ་ཐར། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་བར་འདུམ་འོག་ཏུ། ཕ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་གྱིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་ཟེར།
ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་མགྲིན་ཚབ་པ་ཐ་ལེ་ཁི་སའེ་ཨར་མུས་ཀྱིས་ཚེས་གསུམ་ཉིན་གསལ་བསྒྲགས་ཤིག་གི་ནང་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པའི་གནས་ཚུལ་དེར་བདེན་དཔང་བྱས། ཁོས་བཤད་རྒྱུར། སྐོར་ཐེངས་གསར་པའི་འཁྲུག་རྩོད་མཇུག་བསྒྲིལ་ཡོད། ཡིན་ནའང་ཕ་ལེ་སི་ཐན་པས་དབྱི་སི་རལ་ལ་འགོག་རྒོལ་བྱེད་པ་དེ་མཚམས་འཇོག་མི་སྲིད་ཟེར།
དབྱི་སི་རལ་དཔོན་ཕྱོགས་ཀྱིས་དོན་དག་དེའི་ཐད་དཔྱད་བརྗོད་ཅི་ཡང་སྤེལ་མེད། ཡིན་ནའང་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཕྱོགས་མང་བོའི་བར་འདུམ་འོག་ཏུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་ཡོད་ཅེས་བསྒྲགས་ཡོད།
ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧ་ཉི་ཡ་ཡིས་དམག་འཁྲུག་མཚམས་བཞག་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁོས་ཨེ་ཅིབ་སོགས་བར་འདུམ་བྱེད་པའི་ཕྱོགས་སོ་སོར་བརྡ་བརྒྱབ་ནས། དབྱི་སི་རལ་གྱིས་ཨེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་ཁ་ཏིས་ཨར་ཨ་ཏི་ནན་གྱི་བེམ་པོ་ཁོའི་ཁྱིམ་མི་ལ་སྤྲོད་རྒྱུའི་རེ་བ་བཏོན་ཡོད་ཟེར།
དབྱི་སིར་ལ་གྱི་རྒྱལ་སྲུང་དམག་གིས་ཚེས་གཉིས་ཉིན་གྱི་ནམ་གུང་འཐབ་འཛིང་གནམ་གྲུ་བཀོལ་ནས་ཅ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉིན་དེའི་སྔ་མོར་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་འཕངས་པར་རྒོལ་ལན་སྤྲད། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེའི་ཁྲོད་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་ལྷོ་ཕྱོགས་ལ་ཚེས་གཉིས་ཉིན་གྱི་སྐྱ་རེངས་ཀྱི་དུས་དང་ཉིན་དེའི་ཕྱི་དྲོར་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས་པ་དང་། དེ་ནི་ཅེ་ཧ་ཏི་ཡིས་དབྱི་སི་རལ་གྱིས་ཨ་ཏི་ནན་འཛིན་བཟུང་བྱས་རྗེས་ཚེ་ལས་འདས་པར་རྒོལ་ལན་སྤྲད་པ་ཡིན་པར་འདོད་ཡོད།
དབྱི་སི་རལ་གྱི་བཙོན་ཁང་དོ་དམ་ཅུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་རྒྱུར། ཟླ་གཉིས་པའི་ཚེས་ལྔ་ཉིན་ནས་བཟུང་ཟས་བཅད་དེ་ངོ་རྒོལ་བྱས་པའི་ཨ་ཏི་ནན་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་དྲན་པ་ཉམས་པ་དང་། སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་སོང་ཟེར། དེའི་རྗེས་སུ་ཅེ་ཧ་ཏི་ཡིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་ལ་སྐྱིན་པ་ལེན་རྒྱུ་ཡིན་ཞེས་བཤད།