མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀི་ལུན་ཏི་པེ་ལེ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཁོས་ཡེ་མིན་གྱི་རྒྱལ་ས་སཱ་ནས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པར་འབྲེལ་འདྲིས་བཟང་བོ་བྱས་པ་ཡིན་ཟེར།
ཀི་ལུན་ཏི་པེ་ལེ་ཡིས་ཉིན་དེར་སཱ་ན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་རྒྱུར། ཁོ་ཟླ་ལྔ་པའི་ཚེས་གཅིག་ཉིན་སཱ་ནར་ཐོན་རྗེས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པར་ལྷག་བསམ་རྣམ་པར་དག་ཅིང་ཞིབ་ཚགས་ཡིན་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་སྡུར་བྱས་པ་ཡིན་ཟེར། ཁོས་མིག་སྔའི་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ཐད་བྱུང་བའི་སྣང་ཚུལ་བཟང་བོར་དགའ་སྣང་སྐྱེས་པའི་ཚུལ་བསྟན་པར་མ་ཟད། ཧུའུ་སའེ་དྲག་ཆས་རྩ་འཛུགས་དང་ཡེ་མིན་སྲིད་གཞུང་། སོ་ཏི་ཨ་རབ་དང་ཨ་མན་བཅས་ཀྱི་བར་གྲོས་མོལ་སྔར་ལས་བཟང་བོ་བྱ་རྒྱུར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན། དེ་དང་མཉམ་དུ་ཁོས་ཡེ་མིན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་སྔར་ལས་རང་འགུལ་གྱི་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་དེའི་ལོ་མང་བོའི་རིང་གི་དམག་འཁྲུག་མྱུར་དུ་མཇུག་རྫོགས་པར་བྱ་རྒྱུའི་འབོད་སྐུལ་བཏང་།
དེ་ལས་གཞན་ཀི་ལུན་ཏི་པེ་ལེ་ཡིས་ད་དུང་ཡེ་མིན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་ས་ཁུལ་དུ་བགྲོད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བགྲོད་ལམ་རྒྱ་བསྐྱེད་རྒྱུ་དང་། སཱ་ན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོང་ལས་སྐྱེལ་འདྲེན་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་རྒྱུ་མ་ཟད་མཚོ་དམར་གྱི་ཁ་རུ་ཡོད་པའི་ཧི་ཐའེ་ཏ་གྲུ་ཁའི་སྒོ་སྔར་ལས་ཡངས་པོར་འབྱེད་རྒྱུ་བཅས་ཀྱི་འབོད་སྐུལ་བཏང་།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གྲོལ་རྗེས། ཀི་ལུན་ཏི་པེ་ལེ་ཆེད་བཏང་གནམ་གྲུར་བསྡད་དེ་ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡ་ཏེན་ལ་སོང་སྟེ་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ལ་ཐུག་འཕྲད་བྱས་པ་དང་། དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་འབྲེལ་བའི་དོན་དག་ལ་གྲོས་སྡུར་བྱས།
ཉེ་སྔོན། སོ་ཏི་ཨ་རབ་དང་དབྱི་ལང་གི་འབྲེལ་བ་སླར་གསོ་བྱས་པ་དང་བསྟུན་ནས། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་ཡང་སྣང་ཚུལ་བཟང་བོ་བྱུང་། ཟླ་བཞི་པའི་ཚེས་དྲུག་ཉིན། ཡེ་མིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡ་ཏི་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་བློན་ཆེན་སཱ་ལེ་མན་ལ་གྲོས་མོལ་བྱས་ཏེ། ཡེ་མིན་གྱི་ཞི་བདེའི་ལམ་ཐིག་འཆར་གཞི་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་སྐོར་གླེང་བར་མ་ཟད། ཧུའུ་སའེ་དྲག་ཆས་རྩ་འཛུགས་ནང་དུ་འདུ་བའི་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ལག་བསྟར་ཇུས་གཞི་སྐོར་ནས་གྲོས་སྡུར་བྱས། ཚེས་དགུ་ཉིན། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་རིགས་མཱ་ཧྲ་ཐི་ཡིས་སཱ་ན་ནས་ཡེ་མིན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་ཅ་པེ་ཨར་གྱིས་ཁྲིད་པའི་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པར་དུས་ཡུན་ལོངས་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཡང་བསྐྱར་འགོད་པ་སོགས་ཀྱི་གྲོས་གཞི་ལ་གྲོས་སྡུར་བྱས།