ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་གསུམ་ཉིན་གསར་འགྱུར་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་མི་མེད་གནམ་གྲུ་བཀོལ་ནས་ཨུ་རུ་སིའི་ཙུང་ཐུང་བཞུགས་ཤག་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་རྩིས་བྱས་ཀྱང་། ཨུ་རུ་སི་ཕྱོགས་ཀྱིས་བདེ་བླག་ངང་དེ་བཀག་ཡོད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པོ་ཏོ་ལེ་ཡ་ཁི་ཡིས་ཝུའུ་ཁི་ལན་གྱིས་འཇབ་རྒོལ་བྱས་པ་དེ་ཁས་མ་བླངས།
བསྒྲགས་པའི་གནས་ཚུལ་ལྟར་ན། མི་མེད་གནམ་གྲུ་གཉིས་ཀྱིས་ཁི་ལེ་མུའུ་ལིན་ཕོ་བྲང་དམིགས་འབེན་དུ་བྱས་མོད། ཨུ་རུ་སིའི་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གིས་བྱེད་ཐབས་སྤྱད་ནས་དེ་བདེ་བླག་ངང་བཀག མི་མེད་གནམ་གྲུའི་ཆག་རོས་ཁི་ལེ་མུའུ་ལིན་ཕོ་བྲང་ནང་གི་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་བཟོས་མེད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་འབྱུང་སྐབས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཁི་ལེ་མུའུ་ལིན་ཕོ་བྲང་དུ་མེད་པ་དང་། ཐེངས་དེའི་འཇབ་རྒོལ་ཁྲོད་ནས་རྨས་ཀྱང་ཕོག་མེད། འཇབ་རྒོལ་བྱུང་རྗེས། ཕུའུ་ཅིན་གྱིས་མོ་སི་ཁོའི་འདབས་རོལ་དུ་ཡོད་པའི་རང་གི་བཞུགས་ཤག་ཏུ་རྒྱུན་ལྡན་ལྟར་བྱ་བ་སྒྲུབ་བཞིན་ཡོད་ཟེར།
ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཐེངས་དེའི་འཇབ་རྒོལ་དེ་ནི་འཆར་གཞི་ཅན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཏུ་ངོས་བཟུང་ཡོད་ལ། དེ་ནི་རྒྱལ་ཁའི་ཉིན་མོའི་སྔ་རོལ་ཏུ་ཕུའུ་ཅིན་ལྐོག་གསོད་བྱ་འདོད་པའི་འགུལ་སྐྱོད་ཅིག་རེད་ཟེར། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཨུ་རུ་སིས་འོས་འཚམ་གྱི་དུས་ཚོད་དང་ས་ཁུལ་དུ་འཇབ་རྒོལ་དེར་རྒོལ་ལན་སྤྲོད་སྲིད་ཅེས་ནན་གྱིས་བཤད།
ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པོ་ཏོ་ལེ་ཡ་ཁི་ཡིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་མ་བྱས་པ་དང་། ཝུའུ་ཁི་ལན་གྱི་འཇབ་རྒོལ་དམིགས་འབེན་ནི་ཨུ་རུ་སིས་བཙན་བཟུང་བྱས་པའི་ཝུའུ་ཁི་ལན་གྱི་མངའ་ཁོངས་སྟེང་གི་དམག་དོན་སྒྲིག་ཆས་ཁོ་ན་ཡིན་ཟེར།
ཝུའུ་ཁི་ལན་གྱི་བདེ་ལུགས་ཚགས་པར་སྟེང་ཚེས་གསུམ་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཉི་ཅི་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ཐད་དུ་ཝུའུ་ཁི་ལན་ཕྱོགས་ལ་འདོན་སྤྲོད་བྱ་རྒྱུའི་འབྲེལ་ཡོད་གནས་ཚུལ་ཅི་ཡང་མེད། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལན་ཟི་ཅི་ཡིས་ཡང་དང་བསྐྱར་དུ་ཝུའུ་ཁི་ལན་ཕྱོགས་ཀྱི་དྲག་ཆས་སྟོབས་ཤུགས་ཡོད་ཚད་རང་གི་མངའ་ཁོངས་སླར་གསོ་བྱེད་པའི་ཆེད་དུ་བཀོལ་རྒྱུ་ལས་རྒྱལ་ཁབ་གཞན་པར་དཔུང་འཇུག་བྱེད་པར་བཀོལ་རྒྱུ་མིན་ཞེས་བཤད་མྱོང་ཟེར།
ཨུ་རུ་སི་ཡིས་ཟླ་ལྔའི་ཚེས་དགུ་ཉིན་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་བསྡུ་རྒྱུ་རེད།