ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་གཉིས་ཉིན་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་ས་ཏོ་ཧ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུའུ་ཧན་གནད་དོན་གྱི་གསང་བའི་གྲོས་ཚོགས་གྲོལ་རྗེས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མི་གྲངས་སུམ་ཆའི་གཉིས་ལ་ད་ལོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་ཚེ་ད་གཟོད་འཚོ་གནས་བྱེད་ཐུབ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ཆེན་པོར་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་དུ་ཐེངས་འདིའི་གསང་བའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་གྱི་གནད་འགག་གི་གྲོས་གཞིའི་ཐད་ནས་རྒྱལ་སྤྱིའི་ཐུན་མོང་གི་ལྟ་བ་འཚོལ་ཞིབ་བྱེད་རྒྱུ་དེ་ཡིན་ཞེས་ནན་གྱིས་བཤད། ཀུའུ་ཐི་ལེ་སི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁོས་འོས་འཚམ་གྱི་སྐབས་སུ་སྲིད་དབང་འཛིན་བཞིན་པའི་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དབང་འཛིན་ལས་ཁུངས་ཀྱི་འཐུས་ཚབ་ལ་ཐུག་འཕྲད་བྱ་རྒྱུ་ཡིན་མོད། འོན་ཀྱང་ད་ལྟ་ཐུག་འཕྲད་བྱེད་པའི་དུས་མིན་ཟེར།

ཐེངས་འདིའི་གསང་བའི་གྲོས་ཚོགས་ལ་ཀུའུ་ཐི་ལེ་སི་ཡིས་མགོ་འཛིན་བྱས། ཀྲུང་གོ་དང་ཨུ་རུ་སི། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཉི་ཤུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་གྲོས་ཚོགས་ལ་ཞུགས། གདན་ཞུ་མ་འབྱོར་བས། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཚོགས་འདུར་དེར་འཐུས་ཚབ་མངགས་མེད།

ཚོགས་འདུར་ཞུགས་པའི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་ཨ་ཧྥུའུ་ཧན་ལས་དོན་གྱི་ཆེད་མངགས་ཕོ་ཉ་ཡུའེ་ཞའོ་ཡུང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་འདོན་འོས་པའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཞི་འཇགས་བབ་བརླིང་གིས་སྲིད་སྐྱོང་བ་དང་བློ་བརྟན་འགྱུར་མེད་སྒོས་འཇིགས་སྐུལ་ལ་ཆམ་ཕབ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཨ་ཧྥུའུ་ཧན་གྱི་བསྐྱར་འཛུགས་དང་གོང་འཕེལ་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥུའུ་ཧན་དང་འབྲེལ་བའི་གནད་དོན་ཐད་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཡུའེ་ཞའོ་ཡུང་གིས་ད་དུང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནད་དོན་འབྱུང་བར་བྱེད་མཁན་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་བསྐྱར་འཛུགས་སོགས་ཀྱི་ཐད་འགན་གཙོ་བོ་ཁུར་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁར་ཨ་ཧྥུའུ་ཧན་ལ་ཕྱོགས་གཅིག་པུའི་བཀག་སྡོམ་བྱེད་མཚམས་མྱུར་དུ་འཇོག་པ་དང་། ཨ་སྒོར་ཐེར་འབུན་བདུན་གྱི་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ལ་བཀག་སྡོམ་བྱེད་མཚམས་གློད་དེ། སྒོར་མོ་དེ་དག་མྱུར་དུ་ཨ་ཧྥུའུ་ཧན་མི་དམངས་ལ་སྟེར་དགོས་པའི་འབོད་སྐུལ་གཏོང་དགོས། དེ་དང་མཉམ་དུ་ང་ཚོས་འཇིགས་སྐུལ་ངོ་རྒོལ་གྱི་གནད་དོན་སྟེང་ས་རྒྱུད་ཆབ་སྲིད་སྤེལ་བ་དང་ཚད་གཞི་སྣ་གཉིས་འཛིན་པར་ཡང་ངོ་རྒོལ་བྱེད་པ་ཡིན་ཟེར།