ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཨ་མེ་རི་ཁས་ཐའེ་ཝན་ལ་མཚོན་ཆ་བཙོང་མཚམས་འཇོག་རྒྱུ་དང་ཨ་རི་དང་ཐའེ་ཝན་གྱིས་དམག་དོན་འབྲེལ་འདྲིས་བྱེད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།
2023.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨ་མེ་རི་ཁའི་མཚོན་ཆའི་ཁེ་ལས་ཉེར་ལྔས་ཚོགས་པ་བཙུགས་ཏེ་ཐའེ་ཝན་ལ་ལྐོག་བཅར་བྱས་པ་དང་། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་བར་འགོག་སྲུང་གླེང་སྟེགས་ཟེར་བ་བསྡུས་པའི་ཐད་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐའེ་ཝན་དེ་འབར་རྫས་ཀྱི་སྣོད་ལྟ་བུར་སྒྱུར་བཞིན་ཡོད་ལ། དེ་ལས་ཆག་སྒོ་ཐེབས་མཁན་ནི་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཡིན་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གི་གཏན་ཁེལ་བརྩི་སྲུང་བྱས་ཏེ། ཐའེ་ཝན་ལ་མཚོན་ཆ་བཙོང་མཚམས་འཇོག་རྒྱུ་དང་ཨ་མེ་རི་ཁ་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་འདྲིས་མཚམས་གཅོད་རྒྱུ། ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་ཏུ་གཏོང་མཚམས་འཇོག་རྒྱུ་བཅས་ཀྱི་འབོད་སྐུལ་ཡང་བསྐྱར་བཏང་བ་ཡིན་ཟེར།

རྒྱུན་ལྡན་གྱི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་དུ། གསར་འགོད་པས་ཚེས་གསུམ་ཉིན་ཨ་མེ་རི་ཁའི་འགོག་སྲུང་ཐོན་ལས་འཐུས་ཚབ་ཚོགས་པ་ཨ་མེ་རི་ཁ་དང་ཐའེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཉམ་ལས་གླེང་སྟེགས་ཟེར་བ་དེར་ཞུགས། ཚོགས་པ་དེའི་ཚོགས་གཙོ། ཨ་མེ་རི་ཁའི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་དམག་སྐམ་འཐབ་དམག་དཔུང་གི་དམག་སྤྱི་ཟུར་པ་ལུའུ་ཏི་ཨར་གྱིས་ཤིས་ཚིག་འབུལ་སྐབས། ཨ་མེ་རི་ཁའི་རྒྱལ་སྲུང་ཁེ་ལས་ཐའེ་ཝན་གྱི་འགོག་སྲུང་རང་བདག་འཆར་གཞིར་ཞུགས་ཏེ། ཐའེ་ཝན་དུ་ཟིལ་ཤུགས་གྲུབ་པར་བྱས་ནས། འཁྲུག་རྩོད་འབྱུང་བར་རྩ་བ་ནས་བཀག་འགོག་བྱེད་འདོད་ཡོད་ཅེས་བཤད་པ་དེར་ཀྲུང་གོས་ལྟ་སྟངས་ཅི་འདྲ་བཟུང་ཡོད་ཅེས་དྲིས་པ་ན། མའོ་ཉིང་གིས་བཤད་རྒྱུར། ཨ་མེ་རི་ཁས་ཐའེ་ཝན་ལ་མཚོན་ཆ་བཙོང་བ་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ། ལྷག་པར་དུ་བརྒྱད་གཅིག་བདུན་སྤྱི་བསྒྲགས་བཅས་ཀྱི་གཏན་ཁེལ་དང་ཚབས་ཆེར་འགལ་ཡོད་པས། ཀྲུང་གོས་དེར་དུས་ནམ་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ཟེར།

མའོ་ཉིང་གིས་བཤད་རྒྱུར། ཉེ་སྔོན་ཨ་མེ་རི་ཁ་དང་ཐའེ་ཝན་གྱིས་དམག་དོན་ངན་འབྲེལ་བྱེད་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་ལ། ཨ་མེ་རི་ཁའི་མཚོན་ཆ་བཙོང་བའི་ཁེ་ལས་ཉེར་ལྔས་ཚོགས་པ་བཙུགས་ཏེ་ཐའེ་ཝན་ལ་ལྐོག་བཅར་བྱས་པ་དང་། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་བར་དུ་འགོག་སྲུང་གླེང་སྟེགས་ཟེར་བ་ཞིག་བསྡུས་པ་དེ་ལས། ཨ་མེ་རི་ཁས་ཐའེ་ཝན་འབར་རྫས་ཀྱི་སྣོད་ལྟ་བུ་ཞིག་ཏུ་སྒྱུར་བཞིན་པ་ཡང་བསྐྱར་བསྟན་ཡོད་ལ། དེ་ལས་ཆག་སྒོ་ཐེབས་མཁན་ནི་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཡིན། དེའི་སྐོར་ནས་ཐའེ་ཝན་སྤུན་ཟླའི་རྣམ་འགྱུར་ཧ་ཅང་གསལ་བོ་ཡིན་ཏེ། གླེང་སྟེགས་བསྡུ་སའི་ཉེ་འདབས་ནས་ཐའེ་ཝན་གྱི་ལས་རིགས་སོ་སོ་དང་ཚོགས་པ་སོ་སོའི་འཐུས་ཚབ་ཀྱིས་སྐད་གསང་མཐོན་པོས་འབོད་ཚིག་བསྒྲགས་ནས། དམག་འཁྲུག་གི་ལྐོག་ཚོང་པར་ངོ་རྒོལ་བྱས་པ་དང་། ཁྱི་སྤྱང་ངན་འབྲེལ་བྱས་པར་ངོ་རྒོལ་བྱས་ལ། ཐའེ་ཝན་གྱི་ན་གཞོན་དམག་འཁྲུག་ལ་ཞུགས་མི་རུང་བའི་བསླབ་བྱ་བཏང་བ་དང་། མཚོ་འགག་འགྲམ་གཉིས་ཀྲུང་གོ་གཅིག་ལ་གཏོགས་པས་ཐའེ་ཝན་ཞི་བདེ་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བཏང་། དམངས་གཙོ་ཡར་སྐུལ་གི་དབང་འཛིན་ལས་ཁུངས་ཀྱིས་ཐའེ་ཝན་སྤུན་ཟླའི་འབོད་སྒྲ་དེར་ནན་གྱིས་ཉན་ནས། རང་གི་ཁེ་ཕན་གྱི་ཆེད་དུ་ཐའེ་ཝན་སྤུན་ཟླའི་རྩ་བའི་ཁེ་ཕན་ཕྱིར་འཚོང་བྱེད་མཚམས་མྱུར་དུ་འཇོག་འོས་ཟེར།

མའོ་ཉིང་གིས་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་ཁེལ་བརྩི་སྲུང་བྱེད་རྒྱུ་དང་། ཐའེ་ཝན་ལ་མཚོན་ཆ་བཙོང་མཚམས་འཇོག་རྒྱུ། ཨ་མེ་རི་ཁ་དང་ཐའེ་ཝན་གྱི་དམག་དོན་འབྲེལ་འདྲིས་མཚམས་འཇོག་རྒྱུ། ཐའེ་ཝན་གྱི་གནས་བབ་ཛ་དྲག་ཏུ་གཏོང་མཚམས་འཇོག་རྒྱུ་བཅས་ཀྱིས་འབོད་སྐུལ་ཡང་བསྐྱར་བཏང་བ་ཡིན། ཀྲུང་གོས་བློ་ཐག་ཆོད་པའི་ནུས་པ་ཅན་གྱི་བྱེད་ཐབས་སྤྱད་དེ། རང་གི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་ཕྱིའི་སྟོབས་ཤུགས་གང་ཞིག་ཡིན་རུང་། རང་གི་ནོར་འཁྲུལ་གྱི་བྱ་སྤྱོད་ཐད་ནས་འགན་ཁུར་དགོས་པ་དང་དེ་ལས་བྱུང་བའི་མཇུག་འབྲས་ངན་པ་དང་ལེན་བྱེད་དགོས་ཟེར།