ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་མངོན་སུམ་གྱི་དྲག་ཤུགས་འཁྲུག་རྩོད་འབྱུང་ཉེན་ཆེ་བའི་གནས་སུ་གྱར་ཡོད་ཅེས་བཤད།
2023.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལེ་ཡ་པུའུ་ཁོ་ཧྥུའུ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་མངོན་སུམ་གྱི་དྲག་ཤུགས་འཁྲུག་རྩོད་འབྱུང་ཉེན་ཆེ་བའི་གནས་སུ་གྱར་ཡོད་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལྟ་བུའི་གནས་སུ་མི་ལྷུང་བར་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ལེ་ཡ་པུའུ་ཁོ་ཧྥུའུ་ཡིས་ཨུ་རུ་སིའི་བརྙན་འཕྲིན་འཕྲིན་ལམ་དང་པོའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་མི་མེད་གནམ་གྲུས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་པར་མ་ཞུགས་པའི་སྐོར་གྱི་གསལ་བསྒྲགས་དེ་ནི་ཁུངས་མེད་ཀྱི་གཏམ་འཆལ་ཡིན་པ་དང་། ཨུ་རུ་སིས་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་ཆོག་མཆན་བཀོད་པའི་གནས་ཚུལ་འོག་འཇབ་རྒོལ་གྱི་བྱེད་ཐབས་དང་དམིགས་འབེན་བདམས་པ་གསལ་བོར་ཤེས་ཡོད་མོད། ཡིན་ནའང་ཨ་མེ་རི་ཁས་ཁོ་ཚོ་དོན་རྐྱེན་དེ་དང་འབྲེལ་བ་མེད་ཅེས་བཤད་བཞིན་ཡོད་ཟེར།

ཁོས་བཤད་རྒྱུར། ཨ་མེ་རི་ཁ་ནི་སྔོན་ནས་བཟུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་ཁྲོད་ཞུགས་མཁན་ཡིན་པ་དང་། བདག་དབང་ཅན་དང་རང་བཙན་ཅན་གྱི་ཨུ་རུ་སི་མེད་བརླག་ཏུ་གཏོང་རྒྱུ་ནི་དེའི་དམིགས་འབེན་ཡིན་ལ། ཝུའུ་ཁི་ལན་ནི་དེའི་ལག་ཆ་ཙམ་རེད་ཟེར།

ལེ་ཡ་པུའུ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཉེ་བའི་ཟླ་འགའི་རིང་ལ་གནས་བབ་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་བསྟུད་མར་ཇེ་ཆེར་སོང་ཡོད། ཨུ་རུ་སིས་ངང་རྒྱུད་རིང་བོ་དང་བབ་བརླིང་སྒོས་ཨ་མེ་རི་ཁ་ཕྱོགས་དང་གནས་བབ་ཛ་དྲག་ཏུ་གཏོང་འདོད་པ་དེ་དང་ལེན་བྱེད་མི་སྲིད་ཅེས་གསལ་བོར་བསྟན་ཡོད་ཟེར། ཁོས་ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མཐོ་རིམ་དང་ཆབ་སྲིད་རིམ་པའི་འབྲེལ་འདྲིས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་ཞེས་བཤད།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་རྒྱུར། ཝུའུ་ཁི་ལན་གྱིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་མི་མེད་གནམ་གྲུ་བཀོལ་ནས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་རྩིས་བྱས་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་དེ་བདེ་བླག་ངང་བཀག་པས། ཁི་ལེ་མུའུ་ལིན་ཕོ་བྲང་ནང་གི་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་མེད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་འཇབ་རྒོལ་དེ་ནི་འཆར་གཞི་ཅན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཏུ་ངོས་བཟུང་ཡོད་ཟེར།