སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་ཡང་བསྐྱར་འཁྲུག་རྩོད་བྱུང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་གྱར་བར་རོགས་སྐྱོར་བྱེད་རྩིས་ཡོད།
2023.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་ཚེས་བཞི་ཉིན་ཡང་བསྐྱར་དྲག་ཤུགས་འཁྲུག་རྩོད་བྱུང་བ་དང་། དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་སོ་སོར་རང་ལ་འཇབ་རྒོལ་ཐེབས་སོང་ཞེས་བཤད།

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཞི་ཉིན་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། དྲག་ཆས་དམག་དཔུང་གིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་ཁཱ་ཐུའུ་མུའུ་བྱ་མ་རུ་ཡོད་པའི་དམག་དཔུང་དེའི་དམག་སྒར་ལ་འཇབ་རྒོལ་བྱེད་པའི་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་དམག་མི་དང་འཐབ་འཁྲུག་བརྒྱབ་པ་ཡིན་ལ། དྲག་ཆས་དམག་དཔུང་གིས་ཕ་རོལ་བའི་འཐབ་འཛིང་རླངས་འཁོར་བརྒྱད་བརླགས་པ་དང་། འཐབ་འཛིང་རླངས་འཁོར་བཅུ་གཅིག་དང་ཁ་ཆིའུ་ཧྲ་ཞེས་པའི་མེ་སྒྱོགས་གཅིག་འཕྲོག་པ་ཡིན་ཟེར། སུའུ་དྲག་ཆས་དམག་དཔུང་གིས་མང་ཚོགས་རྣམས་དམག་འཁྲུག་རྒྱག་ས་དང་རིང་དུ་འབྲལ་རྒྱུའི་འབོད་སྐུལ་བཏང་།

འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཀྱང་གསལ་བསྒྲགས་ཤིག་སྤེལ་ནས་སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཞི་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ་ཁོ་ཚོའི་སོ་ལྟ་ཁང་ལ་འཇབ་རྒོལ་བྱས་སོང་ཞེས་སྐྱོན་བརྗོད་བྱས།

གནས་ཚུལ་མཐོང་མཁན་གྱིས་བཤད་པ་ལྟར་ན། འཐབ་འཁྲུག་ནི་གཙོ་བོ་ཁཱ་ཐུའུ་མུའུ་བྱང་མ་དང་ཁཱ་ཐུའུ་མུའུ་ཡི་དབུས་ཕྱོགས། ཨིན་ཐུའུ་མན་སོགས་ས་ཁུལ་ནས་བྱུང་སོང་ཟེར།

སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞི་ཉིན་གསལ་བསྒྲགས་སྤེལ་ནས། འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ད་དུང་ཁོ་ཚོར་ཨ་རབ་རིག་གནས་ཆེད་མིའི་ཐོག་ཁང་ཆེན་མོ་དང་། སུའེ་ཙེར་གྱི་ཕྱི་འབྲེལ་དཔོན་གྱི་སྡོད་གནས། ཐུར་ཁེའི་གཞུང་ཚབ་ཁང་སོགས་ལ་འཇབ་རྒོལ་ཐེབས་པའི་གཏུག་བཤེར་འབྱོར་སོང་ཟེར།

འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་མགོ་ཁྲིད་པ་མུའུ་ཧན་མོ་ཏི་ཧ་མུའུ་ཏན་ཏ་ཅ་ལོ་ཡིསཚེས་བཞི་ཉིན་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་འབྱེད་པ་དང་དེར་སྲུང་སྐྱོབ་བྱས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྟེར་བར་ཁག་ཐེག་བྱེད་རྒྱུ་ཡིན་པའི་དམ་བཅས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ཧྲུའུ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། སུའུ་ཏན་ནས་ཁ་འབྲལ་རྩིས་ཡོད་པའི་ཡུལ་གྱར་བར་དགོས་ངེས་ཀྱི་རོགས་རམ་བྱེད་འདོད་ཡོད་ཟེར། ཡུལ་གྱར་བའི་ཧྲུའུ་ཡིས་བཤད་རྒྱུར། རོགས་སྐྱོར་འཆར་གཞི་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་། འབྲེལ་ཡོད་རྒྱལ་ཁབ། རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་སོགས་མཉམ་ལས་བྱེད་ཡུལ་དག་དང་གྲོས་སྡུར་བྱས་ཏེ་མཉམ་དུ་གཏན་ཁེལ་བྱས་པ་ཞིག་ཡིན་ལ། སྔོན་དཔག་ལྟར་ན་ཨ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་ལྔའི་འགྲོ་སོང་གཏོང་རྩིས་ཡོད་ཟེར།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགྲིན་ཚབ་པས་ཚེས་བཞི་ཉིན་བཤད་རྒྱུར། ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་བདུན་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ནས་གྲོས་ཚོགས་བསྡུས་ཏེ། སུའུ་ཏན་གྱི་དམག་འཁྲུག་གི་གནད་དོན་སྐོར་ནས་གྲོས་སྡུར་བྱ་རྒྱུ་ཡིན་ཟེར། གཞན་ཡང་སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་བར་གྱི་དམག་འཁྲུག་ཁྲོད་ནས་མི་ལྔ་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་སྟོང་དགུ་བརྒྱ་ཉེར་དྲུག་ལ་རྨས་ཕོག་སོང་ཟེར།