འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ལྟ་པྲོག་གསར་རིམས་ནད་ལས་རྒྱལ་སྤྱིས་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་ཐད་ཀྱི་དོན་རྐྱེན་མི་འབྱུང་ཞེས་བསྒྲགས།
2023.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་རྒྱུར། ད་ལྟ་པྲོག་གསར་རིམས་ནད་ཀྱིས་རྒྱལ་སྤྱིས་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་ཐད་ཀྱི་དོན་རྐྱེན་མི་འབྱུང་བས། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་ནས་བཟུང་བཏང་བའི་ཆེས་མཐོ་རིམ་པའི་ཉེན་བརྡ་མེད་པར་བྱས་པ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་གྲོས་ཚོགས་བསྡུས་ཏེ་འཛམ་གླིང་ཧྲིལ་བོའི་རིམས་ནད་ལ་དཔྱད་འཇོག་བྱས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྣ་ཐན་ཏི་སའེ་ཡིས་གྲོས་ཚོགས་ཀྱི་མཇུག་འབྲས་གཞིར་བཟུང་ནས་གོང་གི་ཐག་གཅོད་དེ་བསྒྲགས་པ་རེད།

ཐན་ཏི་སའེ་ཡིས་ཚེས་ལྔ་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ངས་རེ་བས་ཁེངས་པའི་སྒོ་ནས་པྲོག་གསར་རིམས་ནད་ཐད་ཀྱི་འཛམ་གླིང་ཧྲིལ་བོའི་འཕྲོད་བསྟེན་གྱི་ཛ་དྲག་གནས་བབ་ད་ལྟ་མཇུག་རྫོགས་པ་ཁྱབ་བསྒྲགས་བྱས་པ་ཡིན། ཉེ་སྔོན་འཛམ་གླིང་ཧྲིལ་བོའི་རིམས་ནད་ཀྱི་སྤྱིའི་གནས་བབ་ཚབས་ཇེ་ཆུང་དུ་གྱུར་པ་དང་། མི་ཚོགས་ཀྱི་རིམས་འགོག་ནུས་ཤུགས་ཇེ་ཆེར་སོང་ལ། རྐྱེན་ལམ་དུ་ཤོར་ཚད་རིམ་བཞིན་ཇེ་དམའ་རུ་སོང་ཡོད། འཛམ་གླིང་ཧྲིལ་བོའི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་གནོན་ཤུགས་ཇེ་ཆུང་དུ་སོང་ཡོད་པ་དང་། རྒྱལ་ཁབ་མང་བོས་སྔོན་ཆད་ཀྱི་རྒྱུས་ཡོད་ཀྱི་འཚོ་བ་དེ་སླར་གསོ་བྱུང་ཡོད་ཟེར།

དེ་དང་མཉམ་དུ་ཐན་ཏི་སའེ་ཡིས་གོང་གི་གནས་ཚུལ་དེ་ལས་པྲོག་གསར་རིམས་ནད་ནི་འཛམ་གླིང་ཧྲིལ་བོའི་བདེ་ཐང་གི་འཇིགས་སྣང་མིན་པ་མཚོན་མེད་ལ། གལ་ཏེ་པྲོག་གསར་རིམས་ནད་ཀྱིས་འཛམ་གླིང་ཡང་བསྐྱར་ཉེན་ཁ་ཅན་དུ་བསྒྱུར་ཚེ། ཁོས་ཐེ་ཚོམ་མེད་པའི་སྒོ་ནས་ཆེད་མཁས་པ་རྣམས་བསྡུས་ཏེ་གནས་བབ་ལ་དཔྱད་འཇོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།

འདས་པའི་ལོ་གསུམ་ལྷག་གི་རིང་ལ། འཛམ་གླིང་ཧྲིལ་བོ་ཨ་ཨར་ཧྥ་དང་ཏི་ཨར་ཐ། ཨོ་སྨི་ཁི་རོན་སོགས་གཤིས་འགྱུར་དུག་རྐང་ལས་བྱུང་བའི་རིམས་ནད་སྐོར་ཐེངས་མང་བོ་བརྒྱུད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཧྲིལ་བོར་བསྡོམས་པས་ནད་ངོས་བཟུང་བའི་ནད་པ་དུང་ཕྱུར་བདུན་དང་བྱེ་བ་དྲུག་ལས་བརྒལ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་དྲུག་དང་འབུམ་དགུ་ལས་བརྒལ་ཡོད།