མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲིམས་འཛིན་བྱ་བའི་ཁྲོད་རིགས་རྒྱུད་དྲང་གཞག་དང་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་རང་ཚུགས་ཆེད་མཁས་པའི་རྐྱེན་སྲོལ་གྱིས་ཚེས་ལྔ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ནས། ཨ་མེ་རུ་ཁའི་སྲིད་གཞུང་གིས་ཁྲིམས་འཛིན་གོ་རིམ་ཁྲོད་ཀྱི་རིགས་རྒྱུད་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་རྒྱུའི་འབོད་སྐུལ་བཏང་།
རྐྱེན་སྲོལ་དེའི་བྱ་བའི་ཚན་ཆུང་གིས་ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་ནས་ཟླ་ལྔ་བའི་ཚེས་ལྔ་ཉིན་ཨ་མེ་རུ་ཁའི་ཧྭ་ཧྲིན་ཏུན་དང་ཡ་ཐི་ལན་ཏ། ལའོ་ཧྲན་ཅི། ཀྲི་ཅ་ཀི མིན་ཉི་ཨ་པོ་ལི་སི་དང་ཉོའུ་ཡུའེ་གྲོང་ཁྱེར་བཅས་ལ་འཚམས་འདྲིར་བྱས། འཚམས་འདྲི་མཇུག་བསྡུས་རྗེས། བྱ་བའི་ཚན་ཆུང་གིས་ཚེས་ལྔ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ནས་བསྟན་དོན། བྲན་གཡོག་ལམ་ལུགས་ཀྱིས་ཨ་མེ་རུ་ཁར་གཏིང་ཟབ་ཅིང་ཡུན་རིང་བོར་སོས་དཀའ་བའི་རྨ་ཁ་བཞག་པ་དང་། རིགས་རྒྱུད་མཐོང་ཆུང་དེ་ཁྲིམས་འཛིན་སྡེ་ཁག་གི་བྱ་བ་ཡོངས་ཀྱི་ཁྲོད་ཁྱབ་ཡོད་ཟེར།
གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཨ་མེ་རུ་ཁའི་མངའ་སྡེ་ཁ་ཤས་སུ། མི་རྣམས་ཀྱིས་སློབ་གྲྭའི་ནང་ནས་རིགས་རྒྱུད་མཐོང་ཆུང་གི་སྣང་ཚུལ་མཐོང་ཐུབ་པ་དང་། དེའི་ཁྲོད་རིགས་རྒྱུད་ཀྱི་ངོ་བོ་གཏན་ཁེལ་དང་འཛིན་བཟུང་། བཀག་སྐྱར། ཁྲིམས་གཅོད་དང་སྤྱི་དམངས་ཀྱི་དབང་ཆ་མེད་པར་བྱེད་པ་སོགས་འདུ། ཕྱོགས་གང་ཞིག་ནས་བཤད་ན། ད་ཡོད་ཀྱི་གཞི་གྲངས་ལས། ཨ་ཧྥེ་རི་ཁའི་མི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཤེས་ཐུབ།
གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཁ་ཚ་དགོས་གཏུག་གི་དོན་དག་ནི་དབུལ་ཕོངས་ཀྱི་འཁོར་རྒྱུག་གིས་ཨ་ཧྥེ་རི་ཁའི་མི་ལ་བཟོས་པའི་གནོད་པ་ཐག་གཅོད་དང་མེད་པར་བཟོ་བ་དང་། མི་དབང་རྨང་གཞི་རུ་བྱས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། དབུལ་ཕོངས་དང་ཁྱིམ་གཞི་མེད་པ། སྨན་རྫས་རང་དགར་དུ་སྤྱོད་པ། སེམས་པའི་ནད་གཞི་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུ་ནང་དུ་འདུ་ཟེར།
བྱ་བའི་ཚན་ཆུང་གི་ཁོངས་མི་ཧུའུ་ཨན་མིན་ཏི་སི་ཡིས་ཨ་མེ་རུ་ཁའི་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མཉམ་འབྲེལ་གྱི་མ་དངུལ་བགོ་བཤའ་བྱེད་པ་མ་ཟད་དྲག་ཤུགས་སྤྱོད་པའི་རྒྱལ་ཁབ་ཀྱི་ཚད་གཞི་འཛུགས་པ་དང་། དེར་མ་ཟད་ཁྲིམས་འཛིན་སྡེ་ཁག་གིས་ཐལ་དྲག་པའི་སྒོ་ནས་དྲག་ཤུགས་སྤྱད་པའི་གྱོད་གཞིར་མཉམ་འབྲེལ་ཉེས་དོན་བརྟག་བཤེར་སྤེལ་རྒྱུའི་འབོད་སྐུལ་བཏང་། ཁོངས་མི་ཐི་ལེ་ཞི་ཅི་ཆི་ཡིས་ཨ་མེ་རུ་ཁས་རིམ་པ་སོ་སོས་ཤུགས་ཡོད་ཀྱི་འགུལ་སྐྱོད་སྤེལ་བ་དང་། དཔེར་ན་ལྟ་སྐུལ་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ་སོགས་བྱེད་པ་མ་ཟད། འདས་ཟིན་པ་དང་མ་འོངས་པའི་ཁྲིམས་འཛིན་གོ་རིམ་ཁྲོད་ཀྱི་རིགས་རྒྱུད་འདྲ་མཉམ་མིན་པའི་སྤྱོད་ཚུལ་ལ་ཤུགས་དང་ལྡན་པའི་འགན་འཁྲི་རྩད་གཅོད་བྱེད་ཐབས་སྤྱོད་རྒྱུའི་འབོད་སྐུལ་བཏང་།