ཧན་གོའི་དམངས་ཁྲོད་ཚོགས་པ་མང་བོས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཧན་གོར་འཚམས་འདྲི་བྱེད་པར་ངོ་རྒོལ་བྱས།
2023.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཧན་གོའི་དམངས་ཁྲོད་རྩ་འཛུགས་མང་བོས་ཚེས་བདུན་ཉིན་ཧྲིའུ་ཨར་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཧན་གོར་འཚམས་འདྲིར་བྱེད་པར་ངོ་རྒོལ་བྱས་པར་མ་ཟད། འཇར་པན་སྲིད་གཞུང་གིས་ངལ་ལས་པ་བཙན་སྡུད་བྱས་པ་དང་ལོ་རྒྱུས་འཁྱོག་བཤད་བྱས་པ་སོགས་ཀྱི་གནད་དོན་ཐད་ནས་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུ་རྒྱུའི་རེ་བ་བཏོན།

ཧན་གོའི་ཙུང་ཐུང་བཞུགས་ཤག་མདུན་གྱི་འདུ་ཚོགས་སྤེལ་ཡུལ་ནས། མང་ཚོགས་རྣམས་ཀྱིས་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅའ་ཀྱི་མནའ་འབྲེལ་འཛུགས་མཚམས་འཇོག་དགོས་ཞེས་པ་དང་། འཇར་པན་བར་དུ་ངོ་ཚའི་ཕྱི་འབྲེལ་སྤེལ་མཚམས་འཇོག་དགོས་ཞེས་པ། ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དུ་འབུད་པའི་འཆར་གཞི་མྱུར་དུ་མེད་པར་གཏོང་དགོས་ཞེས་པ་སོགས་ཀྱི་བསྒྲགས་ཡིག་ལག་ཏུ་བཟུང་ཡོད། ཁོ་ཚོས་འཇར་པན་སྲིད་གཞུང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་མི་སེར་སྤེལ་བའི་ཐད་ནས་དགོངས་དག་ཞུ་དགོས་པར་མ་ཟད་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ལ། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཕྱོགས་གསུམ་གྱིས་དམག་དོན་མཉམ་ལས་བྱེད་མཚམས་བཞག་སྟེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་དྲག་པོ་བཏོན།

འདུ་ཚོགས་ལ་ཞུགས་པའི་ཞི་བདེ་གཅིག་གྱུར་གྱི་སྲོལ་འབྱེད་པ་ཞེས་པའི་རྩ་འཛུགས་དེའི་ཞིབ་འཇུག་པ་ཝུའུ་མཱེ་ཀྲིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇར་པན་གྱིས་བཙན་འཛུལ་དམག་འཁྲུག་དང་མི་གཤིས་བྲལ་བའི་ནག་ཉེས་བྱ་སྤྱོད་ཀྱི་སྐོར་ནས་ཕྱིར་འདང་ཟབ་མོ་རྒྱག་དགོས། དེ་མིན་ཚེ་འཇར་པན་གྱིས་རྗེས་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་བར་དུ་མཛའ་མཐུན་གྱི་འབྲེལ་བ་འཛུགས་ཐབས་མེད་ཟེར།

འདུ་ཚོགས་ལ་ཞུགས་པའི་ཧན་གོའི་སློབ་གྲྭ་ཆེན་མོ་བ་ཝུན་ཅ་ཝུན་གྱིས་བཤད་རྒྱུར། འཇར་པན་གྱིས་ཧན་གོར་ཁྲིམས་འགལ་སྒོས་མི་སེར་སྤེལ་བའི་དབང་སྒྱུར་བྱས་པ་ཁས་མ་བླངས་པ་དང་། ངལ་ལས་པ་བཙན་སྡུད་བྱས་པ་ལས་གནོད་འཚེ་ཐེབས་མཁན་གྱི་རེ་བར་ཁ་ཡ་མ་བྱས་པ་དེར་མང་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་དགོས། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ངེས་པ་དོན་གྱིས་ཞི་བདེའི་མ་འོངས་པ་ཞིག་བསུ་འདོད་ཚེ། ཐོག་མར་ལོ་རྒྱུས་ཀྱི་གནད་དོན་ཐག་གཅོད་དགོས་ཟེར།

ཨན་ཐེན་ཝུན་ཞོང་ཚེས་བདུན་ཉིན་ཧན་གོར་ཐོན་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས། ཨན་ཐེན་ཝུན་ཞོང་ཧན་གོར་འཚམས་འདྲིར་མ་ཐོན་པའི་སྔོན་ཉིན་མོར། སྡོད་དམངས་ལྔ་སྟོང་ཙམ་གྱིས་ཧྲིའུ་ཨར་གྲོང་ཁྱེར་དཀྱིལ་དབུས་ནས་ཆར་བའི་ཁྲོད་དུ་འདུ་ཚོགས་བསྡུས་ཏེ་ཨན་ཐེན་ཝུན་ཞོང་འཚམས་འདྲིར་ཡོང་བར་ངོ་རྒོལ་བྱས།