ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་བློ་འདོན་པ་པཱ་ལོ་ལ་ཁ་པར་བཏང་།
ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་ཉེ་ལམ་དབྱིན་ཇི་ཕྱོགས་ཀྱིས་སྒོ་འབྱེད་དང་འཛུགས་སྐྲུན་རང་བཞིན། བརྟན་འཇགས་བཅས་ཀྱི་འབྲེལ་བར་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན་པར་དོ་སྣང་བྱེད་བཞིན་ཡོད་ལ། འཇམ་འཐབ་གསར་བ་ཁྱབ་བསྒྲགས་བྱེད་པ་དང་ཀྲུང་གོ་ཁེར་རྐྱང་དུ་ཕུད་པ་དེ་ནོར་འཁྲུལ་ཅིག་ཡིན་པར་བཤད་པས། དབྱིན་ཇིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པའི་རེ་འདུན་མཚོན་ཡོད། ཕྱོགས་གཉིས་མཉམ་སྐྱོད་བྱེད་པ་དང་། ཀྲུང་གོ་དང་དབྱིན་ཇིའི་བརྗེ་རེས་གནས་བབ་སྲུང་འཛིན་བྱས་ཏེ། འགལ་རྐྱེན་སེལ་བ་དང་མཉམ་ལས་གཅིག་སྡུད་བྱེད་པ། བར་ཁྱད་ཐག་གཅོད་བཟང་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གནས་བབ་གསར་བའི་འོག་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཁྲོད་དུ་ཕྱོགས་ཡོངས་གཅིག་གྱུར་མངོན་འགྱུར་བྱས་མེད་པའི་རྒྱལ་ཁབ་ཆེན་མོ་གཅིག་པུ་རེད། ཐེ་ཝན་ནི་ཀྲུང་གོའི་ཁག་ཅིག་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུ་ཤེས་ཀྱང་ཡིན། ཞི་བདེ་གཅིག་གྱུར་མངོན་འགྱུར་བྱེད་པ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་དང་འཛམ་གླིང་ཡོངས་ཀྱི་ཡན་ཧོང་མེས་པོའི་བུ་རབས་ཚ་རྒྱུད་ཀྱི་ཐུན་མོང་ཕུགས་འདུན་ཡིན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྟན་སྲུང་བྱས་ཏེ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་བརྩི་བཀུར་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོར་བརྩི་འཇོག་བྱེད་རྒྱུའི་ཚུལ་བསྟན།
པཱ་ལོ་ཡིས་བསྟན་དོན། དབྱིན་ཇི་དང་ཀྲུང་གོ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་ལ། གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཆེན་མོ་ཡིན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་མཐུན་སྦྱོར་སྲུང་འཛིན་བྱེད་པ་དང་། མཉམ་ལས་གཏིང་ཟབ་བྱས་ནས། བརྟན་འཇགས་དང་བདེ་ཐང་། རྒྱུས་ཡོད་བཅས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུར་འཐད་པ་ཡིན་པའི་ཚུལ་བསྟན།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་འཇིག་ཉེན་སོགས་ཐད་ཀྱི་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཝང་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱི་འདུམ་སྒྲིག་ལ་བརྟེན་ནས་གྲོལ་མོལ་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་བསྐྱར་བཤད་བྱས་ཏེ། ཕྱོགས་སོ་སོས་གནས་བབ་སྔར་ལས་རིམ་སྤོར་བྱེད་པའི་འགུལ་སྐྱོད་སྤེལ་བར་གཡོལ་ཐབས་བྱེད་རྒྱུའི་རེ་བ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།