ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་པུའུ་ཀྲང་རིམ་པའི་འབྲེལ་འདྲིས་ཚན་ཆུང་བཙུགས་ནས་སུའུ་ཏན་གྱི་ཉེན་ཁར་ཁ་གཏད་འཇལ་རྒྱུའི་ཐག་བཅད།
2023.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བདུན་ཉིན་གྲོས་ཐག་བཅད་པ་བརྒྱུད་དེ། ཨ་རབ་ཀྱི་པུའུ་ཀྲང་རིམ་པའི་འབྲེལ་འདྲིས་ཚན་ཆུང་བཙུགས་ནས། སུའུ་ཏན་གྱི་ཕྱོགས་སོ་སོ་དང་ཤན་ཤུགས་ལྡན་པའི་རྒྱལ་ཁབ་སོགས་བར་བརྗེ་རེས་བྱས་ནས། སུའུ་ཏན་གྱི་ཉེན་ཁ་ཐག་གཅོད་རྒྱུ་གཏན་ཁེལ་བྱས། 

ཉིན་དེར། ཨེ་ཅིབ་དང་སོ་ཐི་ཨ་རབ་རྒྱལ་ཁབ་ཀྱིས་སྡུད་རུབ་བྱས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཆེད་དོན་གྲོས་ཚོགས་ཁའེ་ལོ་ནས་བསྡུས། གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་སུའུ་ཏན་མངའ་ཁོངས་ནང་གི་རྒྱུན་མཐུད་པའི་འཁྲུག་རྩོད་ཐད་ནས་གྲོས་སྡུར་བྱས། ཚོགས་ཐོག་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་དམིགས་འབེན་ནི་ཞི་བའི་ངང་སུའུ་ཏན་གྱི་འཁྲུག་རྩོད་ཐག་གཅོད་པའི་ཇུས་གཞི་འཚོལ་བ་དེ་ཡིན།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་གྲོས་ཚོགས་གྲོལ་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཆོད་དོན་ལྟར་ན། འབྲེལ་འདྲིས་ཚན་ཆུང་ནང་ཨ་རབ་དང་ཨེ་ཅིབ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་ཕྱོགས་ཀྱི་འཐུས་མི་འདུ། འབྲེལ་འདྲིས་ཚན་ཆུང་གིས་སུའུ་ཏན་གྱི་ཕྱོགས་སོ་སོ་དང་ས་ཁུལ་དང་རྒྱལ་སྤྱིའི་སྟེང་གི་ཤན་ཤུགས་ལྡན་པའི་རྒྱལ་ཁབ་དང་། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་བར་བརྗེ་རེས་བྱས་ནས། སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཡོངས་དང་རྒྱུན་མཐུད་ངང་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་། སུའུ་ཏན་མི་དམངས་ཀྱིས་གཏན་འཇགས་དང་བདེ་འཇགས་ཐད་ཀྱི་རེ་བ་དང་མཐུན་པའི་རྣམ་པ་སྤྱད་དེ་ཉེན་ཁ་ཐག་གཅོད་པར་འབད་འཐབ་བྱེད་རྒྱུ་རེད།

གསལ་བསྒྲགས་ནང་བཤད་རྒྱུར། འབྲེལ་འདྲིས་ཚན་ཆུང་གིས་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་དང་ལས་ཁུངས་དང་མཐུན་སྦྱོར་བྱེད་པ་དང་། ཡུལ་གྱར་བ་དང་ལེན་བྱེད་པའི་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ལ་རོགས་རམ་བྱས་ནས་དེའི་ཁུར་བོ་ཇེ་ཡང་དུ་གཏོང་བར་མ་ཟད། ཨ་རབ་རྒྱལ་ཁབ་དང་རྒྱལ་སྤྱིའི་འབྲེལ་ཡོད་ཕྱོགས་ཀྱིས་སུའུ་ཏན་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་སྐུལ་འདེད་གཏོང་བཞིན་ཡོད་ཟེར།