ལེ་པ་ནོན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཡོ་རོབ་གླིང་དང་མེ་གླིང་བྱང་མའི་རྒྱལ་ཁབ་ཁ་ཤས་ཀྱིས་ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་ཕྱིར་སྐྱེལ་བར་བཀག་འགོག་བྱས་པར་སྐྱོན་བརྗོད་བྱས།
2023.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ལེ་པ་ནོན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྭ་པིས་པུའུ་ཡིས་ཚེས་བདུན་ཉིན་ཡོ་རོབ་གླིང་དང་མེ་གླིང་བྱང་མའི་རྒྱལ་ཁབ་ཁ་ཤས་ཀྱིས་ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་ཕྱིར་གཏོང་བར་བཀག་འགོག་བྱས་ནས། ལེ་པ་ནོན་ལ་ཐེག་དཀའ་བའི་ཁུར་བོ་ལྕི་མོ་བཟོས་པར་སྐྱོན་བརྗོད་བྱས།

ལེ་པ་ནོན་རྒྱལ་ཁབ་འཕྲིན་གཏོང་ཁང་ནས་བསྒྲགས་པ་ལྟར་ན། ཧྭ་པིས་པུའུ་ཡིས་གསལ་བསྒྲགས་ཞིག་གི་ནང་བཤད་རྒྱུར། ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་མང་པོ་བསྡུ་ཉར་བྱས་པ་ལས་བྱུང་བའི་ནོར་སྲིད་ཐད་ཀྱི་ཁུར་བོ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་ལས་བརྒལ་ནས། ལེ་པ་ནོན་ལ་འཇིགས་སྐུལ་ཆེན་པོ་བཟོས་ཟེར། ཁོས་བཤད་རྒྱུར། འཛམ་གླིང་དངུལ་ཁང་གི2013ལོའི་དཔྱད་འཇོག་ལྟར་ན། ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་བསྡུ་རུབ་བྱས་པའི་ཐད་ཀྱི་ལོ་རེའི་འགྲོ་གྲོན་ཧ་ལམ་སྒོར་ཐེར་འབུམ་གསུམ་ལ་སླེབས་ཡོད་པ་དང་། འགྲོ་གྲོན་དེ་ད་ལྟ་ཚོད་རྩིས་བྱས་ན་ལོ་རེར་ཧ་ལམ་སྒོར་ཐེར་འབུམ་དྲུག་ལ་སླེབས་ཡོད། 

ཧྭ་པིས་པུའུ་ཡིས་བསྟན་དོན། ཡོ་རོབ་གླིང་དང་མེ་གླིང་བྱང་མའི་རྒྱལ་ཁབ་ཁ་ཤས་ཀྱིས་སི་རི་ཡའི་ཡུལ་གྱར་བ་ཕྱིར་སྐྱེལ་རྗེས་ཡར་བསྐྱར་རྒྱལ་ཁབ་གཞན་པར་ཉེན་གསོལ་བྱེད་པར་འགྲོ་བར་སེམས་ཁྲལ་བྱེད་རྒྱུ་ཡོད་པས། ལེ་པ་ནོན་གྱི་སི་རི་ཡའི་ཡུལ་གྱར་བ་ཕྱིར་སྐྱེལ་བའི་བྱ་བར་བཀག་འགོག་བྱེད་རྒྱུ་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་ཕྱིར་སྐྱེལ་བའི་རེ་བར་ཕྱིར་ལན་བཟང་བོ་འདེབས་རྒྱུའི་རེ་བ་བཅངས་ཡོད་ཟེར།