ཀྲུང་གོས་ཨ་པུའུ་ཡེ་དབྱིའི་གནད་དོན་དེ་ལས་སུའུ་ཏན་གྱི་འཁྲུག་རྩོད་ལ་བར་ཆད་མི་ཐེབས་རྒྱུའི་རེ་བ་བཏོན།
2023.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་དགུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་པུའུ་ཡེ་དབྱིའི་གནས་བབ་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས། ཀྲུང་གོས་ཨ་པུའུ་ཡེ་དབྱིའི་གནད་དོན་གྱིས་སུའུ་ཏན་གྱི་འཁྲུག་རྩོད་ལ་བར་ཆད་ཆེན་པོ་མི་ཐེབས་རྒྱུའི་རེ་བ་བཅངས་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱིས་མུ་མཐུད་དུ་ཨ་པུའུ་ཡེ་དབྱིའི་མཇུག་མཐའི་གོ་གནས་གནད་དོན་ཐད་དུ་མཐུན་རྐྱེན་སྔར་ལས་མང་བོ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།

ཏའེ་པེན་གྱིས་བཤད་རྒྱུར། སུའུ་ཏན་དང་སུའུ་ཏན་ལྷོ་མ་ནི་ཨ་པུའུ་ཡེ་དབྱིའི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཡིན་པས། ཆབ་སྲིད་ཀྱི་ལམ་ནས་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་པ་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཁ་འབྲལ་ཐབས་མེད། དུས་རིམ་སྔོན་མར། སུའུ་ཏན་དང་སུའུ་ཏན་ལྷོ་མ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་སོང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་པུའུ་ཡེ་དབྱིའི་གནས་བབ་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་པ་དང་། མཐའ་མཚམས་ནས་མཉམ་འབྲེལ་བདེ་འཇགས་དམག་དཔུང་འཛུགས་པར་བསམ་གཞིགས་བཏང་བར་མ་ཟད། ཨ་པུའུ་ཡེ་དབྱིའི་མཇུག་མཐའི་གོ་གནས་ཀྱི་གནད་དོན་ཐག་གཅོད་པར་རྣམ་འགྱུར་བཟང་བོ་བསྟན། ཀྲུང་གོ་ཕྱོགས་དེར་སྐུལ་མ་གཏོང་བཞིན་ཡོད། ཡིད་ཕངས་པ་ཞིག་ལ་ཉེ་སྔོན་སུའུ་ཏན་གྱི་རྒྱལ་ནང་གི་གནས་བབ་ཟིང་ཟིང་དུ་གྱུར་པ་དེས་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་པར་རྙོག་འཛིང་གི་ཤུགས་རྐྱེན་ཐེབས་བཞིན་ཡོད། ཀྲུང་གོས་སུའུ་ཏན་གྱིས་སྔ་མོ་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་རེ་བ་བཅངས་ཡོད་ལ། སུའུ་ཏན་དང་སུའུ་ཏན་ལྷོ་མས་མུ་མཐུད་དུ་གྲོས་མོལ་དང་མཉམ་ལས་ཀྱི་རྒྱུན་བསྐྱངས་ཏེ། གྲོས་འཆམ་བྱུང་བའི་ཐུན་མོང་གི་ལྟ་བ་དོན་འཁྱོལ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། རིགས་རྒྱུད་ཀྱི་འབྲེལ་བ་ནི་ཨ་པུའུ་ཡེ་དབྱི་ས་ཁུལ་ཡུན་སྐྱོང་བདེ་འགོད་ཡོང་བའི་གནད་འགག་ཡིན། ཀྲུང་གོས་འབྲེལ་ཡོད་རིགས་རྒྱུད་ཀྱིས་ཕན་ཚུན་དགྲ་རུ་འཛིན་མཚམས་འཇོག་པ་དང་། གྲོས་མོལ་དང་འབྲེལ་འདྲིས་བྱས་ཏེ། ཞི་མཐུན་མཉམ་གནས་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་བཏང་བ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་གནས་བབ་ལ་དོ་སྣང་བྱེད་པ་དང་མཉམ་དུ། ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་མི་དམངས་འཕྲད་པའི་མི་ཆོས་དང་གོང་འཕེལ་གྱི་འགྲན་སློང་ཐག་གཅོད་པར་མུ་མཐུད་དུ་མཐོང་ཆེན་བྱས་ཏེ། འབྲུ་རིགས་དང་སྨན་རྫས་སོགས་གཞི་རྩའི་དངོས་རྫས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་གསོ་དང་ལས་རིགས་གསོ་སྦྱོང་། ཞིང་ཕྱུགས་ལས་མཛུབ་སྟོན་སོགས་ཐད་དུ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱི་གནས་སྐབས་བདེ་སྲུང་དམག་དཔུང་གིས་ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱི་བདེ་སྲུང་དམག་དཔུང་བསྐྱར་འཛུགས་བྱ་བ་མི་འགྱང་བར་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་འབྲེལ་ཡོད་དམག་མི་མངགས་པའི་རྒྱལ་ཁབ་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་ཞི་བདེའི་འགན་འཁྲི་ལག་བསྟར་མཐའ་འཁྱོལ་བྱས་ཏེ། བྱ་སྤྱོད་དངོས་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱི་བདེ་སྲུང་དམག་དཔུང་གི་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ཀྱི་ཆེད་དུ་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ཙམ་ཡོད་པ་དང་། སུའུ་ཏན་དང་སུའུ་ཏན་ལྷོ་མའི་བར་དུ་རྩོད་གཞི་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དྲུག་པར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱི་བདེ་སྲུང་དམག་དཔུང་བཙུགས་ཏེ། སུའུ་ཏན་དང་སུའུ་ཏན་ལྷོ་མས་ཨ་པུའུ་ཡེ་དབྱི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་ལྟ་སྐུལ་བྱེད་པའི་འགན་ཁུར་དུ་འཇུག་རྒྱུའི་ཐག་བཅད།