ཨུ་རུ་སིས་ཐང་དམར་དམག་གཟིགས་མཛད་སྒོ་བསྡུས་ཏེ་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་ངོ་དོན་བརྒྱད་འཁོར་བར་དྲན་གསོ་ཞུས།
2023.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་བརྒྱད་འཁོར་བར་དྲན་གསོ་ཞུ་ཆེད། ཨུ་རུ་སིའི་ཚེས་དགུ་ཉིན་མཱོ་སི་ཁོའི་ཐང་དམར་ནས་དམག་གཟིགས་མཛད་སྒོ་བསྡུས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་སྐམ་དམག་གི་དམག་སྤྱི་ཆེན་མོ་སཱ་ལིའུ་ཁོ་ཧྥུའུ་གཉིས་ཀྱིས་རླངས་འཁོར་ལ་བསྡད་དེ་ཕྱོགས་སོ་སོའི་རུ་བསྟར་གྲུ་བཞི་མར་གཟིགས་ཞིབ་བྱས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཕུའུ་ཅིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨུ་རུ་སིའི་མི་ལ་མཚོན་ནས་བཤད་ནས། མེས་རྒྱལ་གྱི་སྲུང་སྐྱོབ་པ་ཡིད་ལ་དྲན་རྒྱུ་ནི་བླ་ན་མེད་པ་ཞིག་ཡིན་པས། ཡིད་ལ་བརྟན་པོར་འཛིན་དགོས། ང་ཚོས་དཔའ་ངར་ཆེན་པོས་ནཱ་ཙི་རིང་ལུགས་ལ་འཐབ་རྩོད་བྱས་པའི་རྒྱལ་ཁབ་ལ་གུས་འདུད་ཞུ་དགོས་ལ། ཨ་མེ་རི་ཁ་དང་དབྱིན་ཇི། རྒྱལ་ཁབ་གཞན་དག་གི་མནའ་གྲོགས་དམག་མིར་གུས་འདུད་ཞུ་དགོས། ང་ཚོས་ཀྲུང་གོའི་དམག་མིས་འཇར་པན་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱས་པའི་དཔའ་ཉམས་ལྡན་པའི་མཛད་སྤྱོད་ལ་དྲན་གསོ་ཞུ་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ལོ་མང་བོའི་རིང་ལ་མཐུན་སྒྲིལ་གཅིག་གྱུར་སྒོས་ཐུན་མོང་གི་འཇིགས་སློང་ལ་འཐབ་རྩོད་བྱས་པའི་ཉམས་མྱོང་ནི་ཨུ་རུ་སིའི་ཤུལ་བཞག་ནོར་བུ་རྩ་ཆེན་ཡིན་ལ། དེང་སྐབས་འདྲ་མཉམ་དྲང་གཞག་གི་སྣེ་མང་འཛམ་གླིང་འཛུགས་པའི་རྒྱབ་སྐྱོར་ནུས་ལྡན་ཡང་ཡིན། ཕན་ཚུན་བློ་གཏོད་པ་དང་། རྒྱལ་ཁབ་ཅིག་གི་བདེ་འཇགས་ཐད་རྒྱལ་ཁབ་གཞན་ཞིག་གིས་རིན་དོད་མི་འབུལ་བ། རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོ་རང་བདག་རང་དབང་སྒོས་གོང་འཕེལ་དུ་འགྲོ་བ་བཅས་ཀྱི་རྩ་དོན་གཞིར་བྱས་པའི་སྣེ་མང་ཅན་གྱི་འཛམ་གླིང་གི་གོང་འཕེལ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དུ་གྱུར་ཡོད། འཛམ་གླིང་སྟེང་གི་མི་མང་ཆེ་ཤོས་དང་འདྲ་བར་ཨུ་རུ་སིས་ཞི་བདེ་དང་རང་དབང་། བརྟན་འཇགས་བཅས་ཀྱི་མ་འོངས་པ་མཐོང་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་ནན་གྱིས་བཤད་རྒྱུར། རང་བཙན་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དེ་རིང་མཱོ་སི་ཁོ་ནས་ལྷན་དུ་འཛོམས་ཏེ། སྔོན་རབས་པར་དྲིན་གཟོའི་སེམས་པ་མཚོན་པར་བྱེད་པ་འདི་ཧ་ཅང་གལ་ཆེ། ཁོ་ཚོས་དཔུང་གདང་མཉམ་སྦྲེལ་གྱིས་འཐབ་འཛིང་བྱས་ཏེ་ཐུན་མོང་གི་རྒྱལ་ཁ་བླངས་པ་རེད། སུའུ་ལེན་གྱི་རིགས་སོ་སོའི་མི་དམངས་ཚང་མས་དེའི་ཐད་དུ་བྱས་རྗེས་བཞག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དམག་མི་ཁྲི་གཅིག་ཙམ་དང་། དེང་རབས་ཅན་གྱི་མཚོན་ཆ་དང་དམག་དོན་ལག་རྩལ་སྒྲིག་ཆས་བརྒྱ་དང་ཉེར་ལྔ་ཐེངས་འདིའི་དམག་གཟིགས་མཛད་སྒོར་ཞུགས་པ་དང་། T-34རྟགས་ཅན་གྱི་ཐན་ཁི་འཁོར་ལོ་དང་།  BTR-82རྟགས་ཅན་གྱི་ཁྲབ་ལྡན་འཁོར་ལོ། “དགའ་འཁྱིལ་འཕང་མདུང” རྟགས་ཅན་གྱི་ཁྲབ་ལྡན་འཁོར་ལོ།  དབྱི་སི་ཁན་ཏི་ཨར-Mརྟགས་ཅན་གྱི་འཕུར་མདའི་མ་ལག  S-400མཁའ་ཟོན་འཕུར་མདའི་མ་ལག “ཡཱར་སི”རྟགས་ཅན་གྱི་འཕུར་མདའི་མ་ལག་སོགས་མཚོན་ཆ་ཡང་མཛད་སྒོའི་སྟེང་དུ་བཤམས་ཡོད་ཟེར།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ། ཐུའུ་ཁུའུ་མུའུ་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་དང་ཡཱ་མེ་ནི་ཡའི་ཙུང་ལི་ཕ་ཧྲིན་ཉི་དབྱང་བཅས་ཀྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཐང་དམར་ནས་དམག་གཟིགས་མཛད་སྒོར་བལྟས།