ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་དགུ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་བཅོ་ལྔ་བསད་པ་དང་། མི་ཉེར་གཉིས་རྨས་ཟེར།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། འདས་པོ་བཅོ་ལྔའི་ཁྲོད་དུ་བྱིས་པ་བཞི་དང་བུད་མེད་ལྔ་ཡོད་ལ། རྨས་མ་ཉེར་གཉིས་ཀྱི་ཁྲོད་དུ་མི་བདུན་ལ་རྨས་ཕོག་པ་ཧ་ཅང་ལྗིད་ཟེར།
ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཕུབ་གྲིའི་འགུལ་སྐྱོད་ཅེས་པ་སྤེལ་ནས། ཅ་ཧྲ་ས་ཁུལ་གྱི་ས་གནས་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་མང་བོ་ཤི་རྨས་བཟོས། འདས་པོའི་ཁྲོད་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཞེས་པ་དེའི་མཐོ་རིམ་ཁོངས་མི་གསུམ་ཡོད། ཅེ་ཧ་ཏི་ཡིས་དེའི་རྗེས་སུ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་རང་གིས་བཟོས་པའི་ནག་ཉེས་དེར་རིན་དོད་འབུལ་ངེས་ཞེས་བཤད།
གཞན་ཡང་ཅ་ཧྲ་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧན་ཡིའུ་ཉི་སི་ནས་རླངས་འཁོར་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རླངས་འཁོར་སྟེང་གི་མི་གཉིས་པོ་བསད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཁོ་ཚོའི་འཇབ་རྒོལ་གྱི་དམིགས་འབེན་ནི་ཐན་ཁི་འཁོར་ལོར་རྒོལ་བའི་མེ་ཤུགས་འཕུར་མདེལ་འཕེན་པའི་འཇིགས་སྐུལ་མི་སྣ་ཡིན་ཞེས་བཤད།
ཕ་ལེ་སི་ཐན་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་གདུག་རྩུབ་ཀྱིས་བཙན་འཛུལ་བྱས་པའི་དབང་གིས། ཕ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲིན་ཐིས་ཡེ་ཡིས་ཉིན་དེར་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་རྩིས་ཡོད་པའི་འཆར་གཞི་དེ་ཡང་མེད་པར་བཟོས་ཡོད་ཟེར།