དབྱི་སི་རལ་གྱི་མི་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།
2023.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ས་དེའི་ཉིན་དེའི་ཆུ་ཚོད་ཉི་ཤུའི་བར་དུ། བསྡོམས་པས་མེ་ཤུགས་འཕུར་མདའ་བརྒྱད་བརྒྱ་དང་གསུམ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་སོང་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་དམར་པོའི་སྲུང་ཕུབ་ཆེན་པོ་ཞེས་པ་དེས་བཤད་རྒྱུར། དབྱི་སི་རལ་གྱི་མི་ཞིག་ཚེས་བཅུ་གཅིག་ཉིན་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས་བཅུ་ཉིན་གྱི་ཉིན་གུང་ནས་ཚེས་བཅུ་གཅིག་ཉིན་གྱི་ཆུ་ཚོད་ཉི་ཤུའི་བར་དུ། བསྡོམས་པས་མེ་ཤུགས་འཕུར་མདའ་བརྒྱད་བརྒྱ་དང་གསུམ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་ལ། དེའི་ནང་དུ་འཕུར་མདའ་དྲུག་བརྒྱ་དང་ཉི་ཤུ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཕོག་པ་དང་། འཕུར་མདའ་བརྒྱ་དང་ང་གཉིས་ཅ་ཧྲ་ས་ཁུལ་དུ་ཕོག དབྱི་སི་རལ་གྱི་མཁའ་ཟོན་མ་ལག་གིས་འཕུར་མདའ་བརྒྱ་དང་དོན་དགུ་བཀག་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་གཞན་ཞིག་གི་ནང་དུ་བཤད་རྒྱུར། ཁོ་ཚོས་ཉིན་དེར་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏིའི་ཁོངས་སུ་གཏོགས་པའི་དམག་དོན་སྒྲིག་ཆས་འགའ་མུ་མཐུད་དུ་འགས་གཏོར་བཏང་བ་ཡིན་ཟེར།

དམར་པོའི་སྲུང་ཕུབ་ཆེན་པོ་ཞེས་པ་དེས་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་གྱི་དབུས་ཕྱོགས་གྲོང་ཁྱེར་ལེ་ཧོ་ཝོ་ཐིའི་སྡོད་དམངས་ཀྱི་ཁང་བ་ཞིག་ལ་ཚེས་བཅུ་གཅིག་ཉིན་མེ་ཤུགས་འཕུར་མདའ་ཕོག་ནས། སྐྱེས་པ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་འགའ་ལ་ཚད་མི་འདྲ་བའི་རྨས་ཕོག་ཟེར། ཅེ་ཧ་ཏི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དབུས་ཕྱོགས་ལ་མེ་ཤུགས་འཕུར་མདའ་འཕངས་པ་ནི་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་རྩ་འཛུགས་དེའི་མགོ་ཁྲིད་པ་དང་མི་དམངས་ལ་རོ་སྐྱིན་ལེན་ཆེད་ཡིན་ཟེར།

ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་ནས་བཟུང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་བར་སྣང་ནས་འཇབ་རྒོལ་ཐེངས་མང་བྱས། ཕ་ལེ་སི་ཐན་དཔོན་ཕྱོགས་ཀྱི་གསར་འགྱུར་ཁང་ཝ་ཧྥ་ཟེར་བ་དེས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་ལས་ཕ་ལེ་སི་ཐན་པ་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བཅུ་ལྷག་ལ་རྨས་ཕོག་ཟེར། ཚེས་བཅུ་ཉིན་གྱི་ཉིན་གུང་ནས་བཟུང་། དབྱི་སི་རལ་གྱི་ལྷོ་ཕྱོགས་དང་དབུས་ཕྱོགས་ཀྱི་གྲོང་ཁྱེར་མང་བོར་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས།