ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཀྲང་ཅུན་གྱིས་ཚེས་བཅུ་གཅིག་ཉིན་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།
ཁོས་བཤད་རྒྱུར། དེང་སྐབས་འཛམ་གླིང་དཔལ་འབྱོར་སླར་གསོའི་ནུས་པ་ཞན་པ་དང་། གཏན་འཁེལ་མིན་ལ། བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཚབས་ཆེན་དུ་གྱུར་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སླེབས་པར་འགྲན་རྩོད་སྣ་མང་དང་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས། ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱིས་རང་གི་རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སྔར་མེད་མདུན་སྐྱོད་བྱེད་དགོས།
ཁོས་བཤད་རྒྱུར། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་མགོ་བརྩམས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། འཛམ་གླིང་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། མཉམ་ལས་ཀྱི་བར་སྟོང་གསར་བ་ཕྱེས་ཡོད། ཀྲུང་གོ་རྒྱལ་ཁབ་གཞན་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐུན་མོང་གི་མ་འོངས་པ་གསར་སྐྲུན་བྱེད་པར་འཐད་པ་ཡིན་ཟེར།