དབྱི་སི་རལ་དམག་གིས་ཅ་ཧྲ་ས་ཁུལ་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་གཉིས་བསད།
2023.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕ་ལེ་སི་ཐན་གྱི་བདེ་འཇིགས་མི་སྣས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེའི་ཕྱི་དྲོར་ཅ་ཧྲ་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་གཉིས་བསད་པ་དང་། དེའི་ནང་གི་གཅིག་ནི་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་ཞིག་རེད་ཟེར།

ཕ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཅེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་དབྱི་ཡ་ཏི་ཧ་སཱ་ཉི་དང་ཁོའི་ལག་རོགས་ཤིག་བར་སྣང་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར། ཧ་ས་ཉི་ནི་ཚེས་དགུ་ཉིན་གྱི་རྗེས་སུ་དབྱི་སི་རལ་གྱི་དམག་གིས་བསད་པའི་ཅེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་དྲུག་པ་རེད་ཟེར། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གཞན་ཡང་མི་ལྔ་ལ་བར་སྣང་འཇབ་རྒོལ་དེའི་ཁྲོད་དུ་རྨས་ཕོག་པ་དང་། དེའི་ནང་གི་མི་གཅིག་གི་རྨས་ཅུང་ལྗིད་ཟེར།

ཅེ་ཧ་ཏི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ས་ཧཱ་ཉི་བསད་པར་བདེན་དཔང་བྱས་པར་མ་ཟད། དབྱི་སི་རལ་གྱི་དམག་གི་ལྐོག་གསོད་འགུལ་སྐྱོད་ཀྱིས་རྩ་འཛུགས་དེའི་འགོག་རྒོལ་རྩ་བ་ནས་འགོག་མི་ཐུབ་ཅེས་བཤད།

ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་ནས་བཟུང་། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་ལ་བར་སྣང་ནས་འཇབ་རྒོལ་ཐེངས་མང་བྱས་ཏེ། ཅེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་མང་བོ་བསད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཚེས་བཅུ་ཉིན་གྱི་ཚུན་ལ། མེ་ཤུགས་འཕུར་མདའ་བརྒྱད་བརྒྱ་ལྷག་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་སོང་ཟེར། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་དང་དབྱི་སི་རལ་གྱི་མྱུར་སྐྱོབ་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་གཉིས་ཉིན་བར་དུ། ཐེངས་འདིའི་འཁྲུག་རྩོད་ལས་ཕ་ལེ་སི་ཐན་གྱི་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་ལྷག་ལ་རྨས་ཕོག དབྱི་སི་རལ་ཕྱོགས་ཀྱི་མི་ཞིག་ཀྱང་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།