ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཁི་ལན་དང་ཕོ་ལན། ཧྥ་རན་སི། འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་ལྔ་ལ་འཚམས་འདྲི་བྱ་རྒྱུ་རེད་ཅེས་བཤད།
2023.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཚེས་བཅུ་གཉིས་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་གཞུང་ཚབ་ཆེན་མོ་ལིས་ཧོས་ཀྱིས་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ཝུའུ་ཁི་ལན་དང་ཕོ་ལན། ཧྥ་རན་སི། འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་ལྔ་ལ་འཚམས་འདྲི་བྱས་ཏེ། ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པའི་སྐོར་ནས་ཕྱོགས་སོ་སོར་འབྲེལ་འདྲིས་བྱ་རྒྱུ་རེད་ཟེར།

ཝང་ཝུན་པེན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉེན་ཚབས་བྱུང་རྗེས། ཀྲུང་གོས་དུས་ནམ་ཡང་ལུགས་མཐུན་དང་འདྲ་མཉམ་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བར་འདུམ་དང་གྲོས་མོལ་ལ་ཡར་སྐུལ་གང་ལེགས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བསྒྲུབ་དགོས་པ་བཞི་དང་ཐུན་མོང་བཞི། བསམ་གཞིགས་གསུམ་བཅས་ནི། ཀྲུང་གོས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པའི་རྩ་བའི་བསྲུང་བྱ་ཡིན། འདིའི་རྨང་གཞིའི་སྟེང་ཀྲུང་གོས་ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པའི་ཀྲུང་གོའི་ལངས་ཕྱོགས་ཞེས་པའི་ཡིག་ཆ་འགྲེམ་སྤེལ་བྱས་པ་ལས། གོང་གི་དགོངས་པ་གཙོ་བོ་མངོན་པར་མཚོན་པ་དང་། ཕྱོགས་སོ་སོའི་ཚུལ་མཐུན་དོ་སྣང་བསྡུ་ལེན་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱུས་ལོན་དང་ཁས་ལེན་བྱེད་བཞིན་ཡོད། ཐེངས་འདིར་ཀྲུང་གོའི་འཐུས་མི་འབྲེལ་ཡོད་རྒྱལ་ཁབ་ལ་འཚམས་འདྲིར་འགྲོ་བ་ནི། ཀྲུང་གོས་བར་འདུམ་དང་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་མཚོན་རྟགས་གཞན་ཞིག་ཡིན་ལ། དེས་ཀྲུང་གོ་ནམ་ཡང་ཞི་བདེའི་ཕྱོགས་སུ་བརྟན་པོར་ལངས་པ་གསལ་བོར་མཚོན་ཡོད་ཟེར།

ཁོས་བཤད་རྒྱུར། དེང་སྐབས་ཝུའུ་ཁི་ལན་གྱི་ཉེན་ཚབས་སྔར་བཞིན་ཚབས་ཇེ་ཆེར་འགྲོ་བཞིན་པ་དང་། དེའི་ཤུགས་རྐྱེན་ངན་པ་མངོན་གསལ་ནས་མངོན་གསལ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་མཚམས་འཇོག་པ་དང་། གནས་བབ་ཞི་འཇགས་སུ་གཏོང་བའི་འབོད་སྒྲ་ཇེ་ཆེ་ནས་ཇེ་ཆེ་རེད་ཟེར།

ཝང་ཝུན་པེན་གྱིས་བཤད་རྒྱུར། ཀྲུང་གོས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་ནས། དམག་འཁྲུག་མཚམས་འཇོག་པ་དང་། ཞི་བའི་གྲོས་མོལ་བྱེད་མགོ་རྩོམ་པ། གནས་བབ་ཚབས་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་པ་སོགས་ཕྱོགས་ནས་རྒྱལ་སྤྱིའི་ཐུན་མོང་གི་ལྟ་བ་སྔར་ལས་མང་བོ་གཅིག་སྡུད་བྱས་ཏེ། ཝུའུ་ཁི་ལན་གྱི་ཉེན་ཚབས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་བར་ཀྲུང་གོའི་བྱས་རྗེས་འབུལ་འདོད་ཡོད་ཟེར།