ཆིན་ཀང་གིས་ནོར་ཝེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཝེ་ཐི་ཧྥེ་ཨར་ཐི་ལ་ཐུག་འཕྲད་བྱས།
2023.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་ཆིན་ཀང་གིས་ཨོ་སི་ལུའུ་ནས་ནོར་ཝེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཝེ་ཐི་ཧྥེ་ཨར་ཐི་ལ་ཐུག་འཕྲད་བྱས།

ཆིན་ཀང་གིས་བཤད་རྒྱུར། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་། ཀྲུང་གོས་ནོར་ཝེའི་བར་གྱི་མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་སྦས་ཤུགས་ཟབ་མོར་སྔོག་པ། ལྗང་མདོག་གི་དགེ་མཚན་བསྐྱེད་པ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོའི་ཁེ་ལས་ལ་དངུལ་གཏོང་གི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ནོར་ཝེའི་ཉོ་འཚོང་དངུལ་གཏོང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སང་ལོ་ནི་ཀྲུང་གོ་དང་ནོར་ཝེའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་གོང་འཕེལ་གསར་པ་འབྱུང་བར་སྐུལ་འདེད་བཏང་སྟེ། མཉམ་ལས་སྔར་ལས་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བར་བྱེད་དགོས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་དམིགས་ནས། ཀྲུང་གོས་དུས་ནམ་ཡང་ནོར་ཝེ་དང་ཡོ་རོབ་གླིང་མཉམ་ལས་ཀྱི་ཟླ་གྲོགས་སུ་བརྩིས་ཡོད་ལ། ཀྲུང་གོ་དང་ཡོ་རོབ་གླིང་གིས་འདུ་ཤེས་འཛིན་སྟངས་ཐད་ཕན་ཚུན་ཁ་གཏད་དུ་ལངས་པར་མཉམ་དུ་ངོ་རྒོལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ཐད་བརྟན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན། དྲང་ཕྱོགས་ནུས་ཚད་བཅས་སྔར་ལས་མང་བོ་སྣོན་དགོས་ཟེར།

ཝེ་ཐི་ཧྥེ་ཨར་ཐི་ཡིས་བཤད་རྒྱུར། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གྲོས་མོལ་མཉམ་ལས་ལ་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རིམས་ནད་ཀྱི་རྗེས་སུ་རིམ་པ་སོ་སོའི་འགྲོ་འོང་སྔར་ལས་མང་བོ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་གྱི་འཕེལ་རིམ་ཐད་ནུས་པ་ཆེན་པོ་བཏོན་ནས་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ལྗང་མདོག་ཚུལ་སྒྱུར་སོགས་ཁྱབ་ཁོངས་སུ་ཀྲུང་གོའི་བར་དུ་འཛུགས་སྐྲུན་རང་བཞིན་གྱི་མཉམ་ལས་བྱེད་འདོད་ཡོད། ནོར་ཝེ་དང་ཀྲུང་གོ་གཉིས་ཀར་རྒྱལ་སྤྱིའི་རང་དབང་ཉོ་འཚོང་གི་ཕན་ཆེན་པོ་ཐོགས་ཡོད། ནོར་ཝེའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་འཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཉོ་འཚོང་སྟབས་བདེ་ཅན་དུ་བསྒྱུར་བར་རེ་སྒུག་བྱས་ཡོད། སང་ལོ་ནི་ནོར་ཝེ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་གྲུབ་འབྲས་སྤྱི་བསྡོམས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་ཟེར།

ཆིན་ཀང་གིས་ད་དུང་ཀྲུང་གོའི་ཐའེ་ཝན་དང་ཞིན་ཅང་། ཞང་ཀང་། བོད་ལྗོངས། འགྲོ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་བྱས་ཏེ། གནད་དོན་འདི་དག་ནི་ཀྲུང་གོའི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་དང་འབྲེལ་ཡོད་ལ། ཀྲུང་གོས་འདྲ་མཉམ་ཡིན་ལ་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་གྲོས་མོལ་དང་བརྗེ་རེས་བྱས་ཏེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་བསྐྱེད་ནས་དོགས་གཞི་སེལ་བར་ཤུགས་སྣོན་འདོད་ཡོད་མོད། ཡིན་ནའང་ཕྱིའི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉེན་ཚབས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཆིན་ཀང་གིས་ཀྲུང་གོའི་ཝུའུ་ཁི་ལན་ཉེ་ཚབས་ཀྱི་རྩ་དོན་དང་ལངས་ཕྱོགས། བསྒྲུབས་པའི་བྱ་བ་བཅས་ངོ་སྤྲོད་བྱས་ཏེ། ཀྲུང་གོ་ནམ་ཡང་ཞི་བདེའི་ཕྱོགས་སུ་ལངས་ཡོད་ལ། ཉེན་ཚབས་བྱུང་བའི་ཉིན་དང་པོ་ནས་བཟུང་སྟེ་བར་འདུམ་ལ་གྲོས་མོལ་ལ་ཡར་སྐུལ་བྱས་པ་དེས་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་ནུས་པ་མངོན་པར་མཚོན་ཡོད། དམག་འཁྲུག་ནི་ཡོ་རོབ་གླིང་དུ་བྱུང་བ་ཡིན་པས། ཡོ་རོབ་གླིང་གིས་གཙོ་ཁྲིད་ཀྱི་ནུས་འདོན་པ་དང་ཐབས་ཤེས་བཙལ་ནས། གྲོས་མོལ་བརྒྱུད་དེ་ཡོ་རོབ་གླིང་གི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན།