འཇར་པན་མང་ཚོགས་ཀྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཀོང་ཏའོ་རྩེ་ཚོགས་ལ་ངོ་རྒོལ་བྱས།
2023.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་མི་འགྱང་བར་འཇར་པན་ཀོང་ཏའོ་ནས་བསྡུ་རྒྱུ་ཡིན་པ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་ཚེས་བཅུ་གསུམ་ཉིན་ཀོང་ཏའོ་ལ་སོང་ནས་རྩེ་ཚོགས་གྲ་སྒྲིག་གི་གནས་ཚུལ་ལ་ལྟ་ཞིབ་བྱས། མང་ཚོགས་ཀྱིས་ཉིན་དེར་ཀོང་ཏའོ་ནས་འདུ་ཚོགས་བསྡུས་ཏེ། ཐེངས་འདིའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཀོང་ཏའོ་རྩེ་ཚོགས་ལ་ངོ་རྒོལ་དྲག་པོ་བྱས།

ཉིན་དེར་འཇར་པན་གྱི་མང་ཚོགས་ཉིས་བརྒྱ་ཙམ་གྱིས་ཆར་བར་མ་འཛེམས་པ་ཐེངས་འདིའི་རྩེ་ཚོགས་ལ་ངོ་རྒོལ་བྱེད་པའི་གཏམ་བཤད་འདུ་ཚོགས་ལ་ཞུགས་པ་དང་། ཚོགས་ར་དེ་རུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་མི་དགོས་ཞེས་པ་སོགས་ཀྱི་བསྒྲགས་ཡིག་ལག་ཏུ་བཟུང་།

འཇར་པན་གྱི་སྡོད་དམངས་ཚོགས་པ་ཞི་བདེའི་མཛོད་ཁང་ཞེས་པ་དེའི་ལས་འཛིན་པ་མུའུ་ཡོན་མའོ་ཧྥུའུ་ཡིས་གཏམ་བཤད་སྐབས་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་མཉམ་འབྲེལ་དམག་སྦྱོང་བྱས་པ་དང་། འཇར་པན་གྱིས་ད་དུང་ཐའེ་ཝན་ལ་དོན་དག་བྱུང་ཚེ་འཇར་པན་ལ་དོན་དག་འབྱུང་སྲིད་ཅེས་འུར་སྒྲོག་བྱས་པ་དེ་ནི་ཁུངས་མེད་ལུགས་མེད་དང་ཉེན་ཁ་ཆེ་བ་ཞིག་རེད་ཟེར།

འཇར་པན་ཀོང་ཏའོ་གྲོང་ཁྱེར་གྱིས་བཙུགས་པའི་སློབ་གྲྭ་ཆེན་མོའི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཆེན་མོ་ཐེན་ཀྲུང་ལེ་ཞིན་གྱིས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། འཇར་པན་གྱིས་ཀྲུང་གོ་དང་ཁྲའོ་ཞན་ཕྱེད་གླིང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་དང་ས་ཁུལ་ལ་གདུག་རྩུབ་ཆེ་བའི་བཙན་འཛུལ་བྱས་མྱོང་མོད། ཡིན་ནའང་འཇར་པན་གྱིས་ཡང་དང་བསྐྱར་དུ་རང་ནི་ཉིང་རྡུལ་འབར་མདེལ་འགས་གཏོར་གྱི་གནོད་པ་ཐེབས་པའི་རྒྱལ་ཁབ་གཅིག་པུ་ཡིན་ཞེས་ནན་བཤད་བྱས་ཏེ། རང་ནི་གནོད་སྐྱེལ་མཁན་གྱི་རྒྱལ་ཁབ་ཡིན་པའི་སྐྱུག་བྲོ་བའི་ལོ་རྒྱུས་བསམ་གཞིན་དུ་གསང་ཅི་ཐུབ་བྱས། ད་ལྟ་འཇར་པན་གྱིས་ཡང་བསྐྱར་ཆབ་སྲིད་ཀྱི་ལམ་ནས་ཉིང་རྡུལ་འབར་མདེལ་གྱི་འགས་གཏོར་བཏང་མྱོང་བའི་ཀོང་ཏའོ་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་བསྡུ་རྒྱུ་ཡིན་པས། ཀོང་ཏའོ་ཡི་མང་ཚོགས་རྣམས་གཉིས་ལས་སད་རན་རེད་ཟེར།

ཐེངས་འདིའི་འདུ་ཚོགས་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་ནན་འདྲི་བྱེད་པའི་འཇར་པན་སྡོད་དམངས་འདུ་ཚོགས་ཞེས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་མགོ་བཏོན་ནས་བསྡུས་པ་རེད། འདུ་ཚོགས་ཀྱི་ཉིན་དེར་སྤེལ་བའི་བསྒྲགས་གཏམ་ནང་དུ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཀོང་ཏའོ་རྩེ་ཚོགས་ཀྱིས་རང་དབང་དང་དམངས་གཙོའི་འབོད་སྒྲ་བསྒྲགས་ནས། དམག་དོན་མནའ་འབྲེལ་གྱི་སྦྱོར་བ་རྩོམ་བཞིན་ཡོད་ལ། ཐེངས་འདིའི་རྩ་ཚོགས་ནི་མཐར་གཏུགས་ན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོས་བཙན་ཤུགས་ཀྱིས་རྒྱལ་ཁབ་གཞན་གྱིས་རང་གི་འདོད་བློར་ཉན་དུ་འཇུག་པའི་གྲོས་ཚོགས་ཤིག་རེད་ཅེས་བཤད་ཡོད།

འདུ་ཚོགས་གཙོ་སྒྲུབ་བྱེད་པའི་ཕྱོགས་ཀྱིས་བཤད་རྒྱུར། ཁོ་ཚོས་ཚེས་བཅུ་བཞི་ཉིན་ནས་བཟུང་ཀོང་ཏའོ་ཞི་བདེ་དྲན་གསོ་སྤྱི་གླིང་ནས་མགོ་བརྩམས་ཏེ། སྲུང་ལམ་བརྒྱུད་ནས་ངོ་རྒོལ་བྱེད་སྒོ་སྤེལ་རྒྱུ་ཡིན་ཟེར།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐ་ལི། ཁ་ན་ཏ་དང་འཇར་པན་བཅས་ཀྱིས་གྲུབ་པ་རེད། འཇར་པན་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ནི་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཀོང་ཏའོ་ནས་བསྡུ་རྒྱུ་རེད།