པུའུ་ཅི་ནཱ་ཧྥ་སོ་རྒྱལ་ཁབ་ཀྱི་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་སུ་ཚེས་བཅུ་གཅིག་ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་སོ་གསུམ་རྐྱེན་ལམ་དུ་ཤོར།
པུའུ་ཁི་ལའེ་ཏིས་མུའུ་ཧུང་ས་ཁུལ་ཆེན་པོའི་མགོ་གཙོ་པཱ་ཞིན་ཅ་ཡིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚད་ལྔ་ཡས་མས་སུ། དྲག་ཆས་མི་སྣས་ས་ཁུལ་ཆེན་པོ་དེའི་མུའུ་ཧུང་ཞིང་ཆེན་གྱི་སྡེ་བ་ཞིག་ནས་ཆུ་འགྲམ་དུ་ཐོན་སྐྱེད་བྱེད་སྒོ་སྤེལ་བཞིན་པའི་སྡེ་མི་ལ་འཇབ་རྒོལ་བྱས་པ་དང་། ཐོག་མར་སྡོམ་རྩིས་བྱས་པ་ལྟར་ན་མི་སོ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
པཱ་ཞིན་ཅ་ཡིས་བདེ་འཇགས་འགུལ་སྐྱོད་སྤེལ་མགོ་བརྩམས་ཡོད་ཅེས་བཤད་པར་མ་ཟད། མང་ཚོགས་ཀྱིས་དོགས་ཟོན་མཐོར་འདེགས་སུ་གཏོང་བ་དང་། དམག་དཔུང་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་དེའི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། པུའུ་ཅི་ནཱ་ཧྥ་སོ་རུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས། བདེ་འཇགས་གནས་བབ་ཚབས་ཆེན་དུ་གྱུར།