ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ཏེ་རྒྱལ་སྤྱིའི་སྨན་གཡོག་པའི་དུས་ཆེན་གྱི་ཉིན་མོར། ཀྲུང་གོའི་ལེ་པ་ནུན་དུ་སོང་བའི་བདེ་སྲུང་སྨན་བཅོས་ཡན་ལག་རུ་ཁག་སྐོར་ཐེངས་ཉེར་གཅིག་པས་གདན་དྲངས་པ་ལྟར་སྨན་བཅོས་མི་སྣ་མངགས་ཏེ་ལེ་པ་ནུན་གྱི་ཨར་ཁུའུ་པུའུ་གཅེས་སེམས་དང་འཕེལ་རྒྱས་ལྟེ་གནས་ནས་འོས་འགན་བརྟག་བཅོས་བྱེད་སྒོ་སྤེལ་བར་ས་དེའི་མང་ཚོགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ།
ཐེངས་འདིའི་འོས་འགན་བརྟག་བཅོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་ཤར་ཁུལ་དམག་སྤྱི་པུའུ་ཡི་དམངས་དོན་སྡེ་ཁག་དང་ས་དེའི་སྲིད་གཞུང་གིས་གདན་དྲངས་པ་ལྟར་སྤེལ་བ་རེད། ཨར་ཁུའུ་པུའུ་གཅེས་སེམས་དང་འཕེལ་རྒྱས་ལྟེ་གནས་ནི་སྲིད་གཞུང་གིས་བཙུགས་པ་མིན་པའི་དགེ་སྒྲུབ་ལས་ཁུངས་ཤིག་ཡིན་ལ། ལེ་པ་ནུན་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཡོད། ཀྲུང་གོའི་བདེ་སྲུང་སྨན་བཅོས་ཡན་ལག་རུ་ཁག་གིས་ཁོང་ནད་དང་ཕྱི་ནད། ཀྲུང་ལུགས་སྨན་བཅོས་སོགས་ཚན་ཁག་གི་སྨན་བཅོས་མི་སྣ་བཅུ་དྲུག་བདམས་ནས། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཁྱེར་ཏེ་འོས་འགན་བརྟག་བཅོས་བྱེད་སྒོ་སྤེལ་སར་སོང་།
ཀྲུང་གོའི་བདེ་སྲུང་སྨན་བཅོས་ཡན་ལག་རུ་ཁག་གི་རུ་གཙོ་ལེའོ་ཧུང་ཁྲིན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་འོས་འགན་བརྟག་བཅོས་བྱེད་ཡུལ་གཙོ་བོ་ནི་ནད་པ་ལོ་ལོན་དང་ནད་པ་དབུལ་བོ། འགྲོ་འདུག་སྟབས་མི་བདེ་བའི་ནད་པ་བཅས་ཡིན་ལ། ཀྲུང་གོའི་སྨན་བཅོས་མི་སྣས་ཞིབ་བཤེར་དང་བརྟག་བཅོས། ཆེད་ལས་བདེ་ཐང་བློ་འདོན་སོགས་ཀྱི་ཞབས་འདེགས་ཞུས་པར་མ་ཟད། ནད་པར་སྨན་སྦྱིན་བཏང་བ་ཡིན་ཟེར།
སྨན་བཅོས་ཡན་ལག་རུ་ཁག་གི་སྨན་ཞབས་དཔོན་ཀྲུའུ་ཀི་ཡིས་བཤད་རྒྱུར། འོས་འགན་བརྟག་བཅོས་ཀྱི་རྣམ་པས་རྒྱལ་སྤྱིའི་སྨན་གཡོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། ཀྲུང་གོའི་སྨན་བཅོས་མི་སྣས་ནན་ཏེན་ཀི་ཨར་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ནས། ལས་འགན་ལག་བསྟར་བྱེད་ཡུལ་གྱི་བདེ་སྲུང་དཔོན་དམག་དང་ས་དེའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པར་འོས་འགན་ལག་བསྟར་བྱེད་ཡུལ་དུ་བཀོད་སྒྲིག་བྱས་པ་ནས་བཟུང་། ཀྲུང་གོའི་ལེ་པ་ནུན་ལ་སོང་བའི་བདེ་སྲུང་སྨན་བཅོས་ཡན་ལག་རུ་ཁག་སྐོར་ཐེངས་ཉེར་གཅིག་པས་བདེ་སྲུང་ལས་འགན་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱས་པ་དང་མཉམ་དུ། ས་དེའི་མང་ཚོགས་ལ་འོས་འགན་བརྟག་བཅོས་དང་སྨན་སྦྱིན་གཏོང་བ་སོགས་ཀྱི་རྣམ་པ་སྤྱད་དེ། མི་ཆོས་རིང་ལུགས་ཀྱི་སྨན་བཅོས་རོགས་སྐྱོར་ཧུར་ཐག་གིས་སྤེལ་བ་དང་། ཀྲུང་གོའི་སྨན་པའི་ལག་རྩལ་ལ་ས་དེའི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གཟེངས་བསྟོད་བྱས།