ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་བཤད་རྒྱུར། ཅེ་ཧ་ཏི་ཡིས་དབྱི་སི་རལ་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་ཡོད་ཟེར།
མིང་བཤད་མི་འདོད་པའི་དཔོན་རིགས་དེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨེ་ཅིབ་ཀྱི་བར་འདུམ་འོག་ཏུ། ཅེ་ཧ་ཏི་དང་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་དེ་ས་དེའི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་ཉེར་གཉིས་ནས་བཟུང་སྟེ་ལག་བསྟར་བྱས།
གནས་ཚུལ་དེ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱས་རྗེས་འཐབ་འཛིང་གི་གནས་ཚུལ་ཐར་ཐོར་རེ་བྱུང་ནའང་། སྤྱིའི་གནས་བབ་བརྟན་འཇགས་ཡིན་ཟེར། དེ་དང་མཉམ་དུ་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་འབོར་ཆེན་སྲང་ལམ་དུ་སོང་ནས་དམག་འཁྲུག་མཚམས་བཞག་པར་རྟེན་འབྲེལ་ཞུས།
ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧུ་སའེ་དབྱིན་ཞེ་ཧི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པར་དགའ་བསུ་ཞུས་པ་དང་། དེ་དང་མཉམ་དུ་ཁོས་ཨེ་ཅིབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་མཚམས་འཇོག་པར་འབད་བརྩོན་བྱས་པར་བཀའ་དྲིན་ཞུས།
དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚ་ཞི་ཧ་ནེ་ཀི་པི་ཡིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡི་ཚབ་བྱས་ཏེ་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་བཀའ་དྲིན་ཞུས་པ་དང་། ཨེ་ཅིབ་ཀྱིས་ཐེངས་འདིའི་དམག་འཁྲུག་མཚམས་འཇོག་པར་འབད་བརྩོན་གང་ལེགས་བྱས་པར་གཟེངས་བསྟོད་བྱས། ཧ་ནེ་ཀི་པི་ཡིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། ལྷིང་འཇགས་ལ་ལྷིང་འཇགས་ཀྱི་དགེ་མཚན་ཡོད་དེ། གལ་ཏེ་དབྱི་སི་རལ་ལ་འཇབ་རྒོལ་དང་འཇིགས་སྐུལ་ཐེབས་ཚེ་དབྱི་སི་རལ་གྱིས་བྱེད་ཐབས་ཡོད་ཚད་སྤྱད་དེ་རང་སྲུང་བྱེད་ངེས་ཡིན་ཟེར། གཞན་ཡང་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་རྒྱབ་ཕྱོགས་དམག་སྤྱི་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་གྱི་ཚོད་འཛིན་བྱེད་ཐབས་ཇེ་ལྷོད་དུ་བཏང་ཟེར།
ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་ནས་བཟུང་། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་ལ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་ཏེ། ཅེ་ཧ་ཏི་ཡི་མཐོ་རིམ་ཁོངས་མི་མང་བོ་བསད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་བཤད་རྒྱུར། ཚེས་བཅུ་ཉིན་ནས་བཟུང་། མེ་ཤུགས་འཕུར་མདའ་ཆིག་སྟོང་ཉིས་བརྒྱ་ལྷག་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་ཟེར། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་དང་དབྱི་སི་རལ་གྱི་མྱུར་སྐྱོབ་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་གསུམ་ཉིན་བར་དུ། ཐེངས་འདིའི་འཁྲུག་རྩོད་ཁྲོད་ནས་ཕ་ལེ་སི་ཐན་གྱི་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཞི་བཅུ་ལྷག་ལ་རྨས་ཕོག དབྱི་སི་རལ་གྱི་མི་གཅིག་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་ཟེར།