ཐུར་ཁེས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོ་བསྡུས།
2023.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོ་ལ་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཆུ་ཚོད་བརྒྱད་ཀྱི་སྟེང་ནས་བཟུང་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། ད་ལྟའི་ཙུང་ཐུང་ཨེ་ཨར་ཏོ་ཨན་སོགས་འདེམ་སྒུག་པ་གསུམ་གྱིས་ཙུང་ཐུང་གི་གོ་གནས་བརྩད་པ་དང་། སྲིད་ཏང་ཉེར་བཞི་དང་རང་ཚུགས་འདེམ་སྒུག་པ་བརྒྱ་དང་ང་གཅིག་གིས་རྒྱལ་དམངས་གྲོས་ཁང་ཆེན་མོའི་གྲོས་མིའི་གོ་གནས་དྲུག་བརྒྱ་བརྩད།

ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རྒཡལ་ས་ཨན་ཁ་ར་གྲོང་ཁྱེར་དཀྱིལ་དབུས་ཀྱི་པེ་ཐི་ལེ་སི་སློབ་འབྲིང་གི་འདེམ་ཤོག་འཕེན་ས་ནས་མཐོང་བའི་གནས་ཚུལ་ལྟར་ན། འདེམ་དམངས་བརྒྱ་ཕྲག་མང་བོ་གྲལ་སྟར་རིང་བོ་བསྒྲིགས་པ་དང་། ཐོབ་ཐང་ལ་ཞིབ་བཤེར་བྱས་རྗེས་འདེམ་དམངས་རེ་རེས་ཙུང་ཐུང་དང་གྲོས་མིའི་འདེམ་ཤོག་རེ་རེ་བླངས། འདེམ་ཤོག་འཕེན་ས་རུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཡོད་པ་དང་། འདེམ་ཤོག་འཕེན་པའི་བྱ་བ་གོ་རིམ་ལྡན་པར་སྤེལ་བཞིན་འདུག་ཟེར། འདེམ་ཤོག་འཕེན་པའི་བྱ་བ་དེ་ཉིན་དེའི་ཆུ་ཚད་བཅུ་ལྔའི་སྟེང་མཇུག་བསྒྲིལ།

ཐུར་ཁེའི་ཆེས་མཐོ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གྲངས་ཀ་ལྟར་ན། ཐུར་ཁེ་རུ་ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་གཅིག་ཙམ་ཡོད་པ་དང་། དེའི་ནང་དུ་ཕྱི་རྒྱལ་ནས་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་གསུམ་དང་འབུམ་བཞི་ཙམ་ཡོད། ཕྱི་རྒྱལ་ནས་འདེམ་ཤོག་འཕེན་པའི་བྱ་བ་དེ་ཟླ་འདིའི་ཚེས་དགུ་ཉིན་མཇུག་བསྒྲིལ། ཐོག་མར་འདེམ་ཤོག་བརྩིས་པའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ནམ་གུང་ཤེས་ཐུབ་པ་དང་། འདེམ་ཤོག་བརྩིས་པའི་མཇུག་འབྲས་ངོ་མ་དེ་ཚོད་དཔག་བྱས་ན་ཟླ་འདིའི་ཚེས་བཅུ་དགུ་ཉིན་ཆེས་མཐོ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲག་རྒྱུ་ཡིན་ཟེར།

ཐུར་ཁེའི་སྨྱན་སྦྱོར་གྱིས་བལྟས་ན། ཐེངས་འདིའི་འདེམ་བསྐོ་ཆེན་མོའི་ཁྲོད་དུ་འདེམ་དམངས་ཀྱིས་དོ་སྣང་བྱེད་པའི་གྲོས་གཞི་ལ་དཔལ་འབྱོར་གནད་དོན་དང་། ས་ཡོམ་གྱི་གནོད་འཚེར་ཁ་གཏད་འཇལ་བ། ཐུར་ཁེའ་མངའ་ཁོངས་ཀྱི་སི་རི་ཡའི་ཡུལ་གྱར་བའི་གནད་དོན་སོགས་འདུ། ཙུང་ཐུང་འདེམ་བསྐོའི་ཕྱོགས་ནས། འདེམ་བསྐོའི་སྔོན་གྱི་དམངས་བློའི་བརྟག་དཔྱད་ལས། ངོ་རྒོལ་ཏང་ཁག་དྲུག་གིས་གྲུབ་པའི་མི་རིགས་མནའ་འབྲེལ་ཞེས་པའི་འདེམ་སྒུག་པ་ཁི་ལེ་ཆི་ཏར་ཨོ་ལུའུ་དང་ད་ལྟའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གཉིས་ལ་རྒྱབ་སྐྱོར་བྱེད་ཚད་ཅུང་འདྲ་ཞིང་། འདེམ་སྒུག་པ་གཞན་པ་ཞི་ནན་ཨོ་ཨན་ལ་རྒྱབ་སྐྱོར་བྱེད་ཚད་ཅུང་དམའ། དབྱེ་ཞིབ་མི་སྣས་བཤད་རྒྱུར། ངོ་རྒོལ་ཏང་ཁག་མནའ་འབྲེལ་གྱི་དཔུང་ཁག་ཧ་ཅང་ཆེ་བའི་ཁར་ཐུར་ཁེའི་རྒྱལ་ནང་གི་དཔལ་འབྱོར་གནས་བབ་བཟང་རྒྱུ་མེད་པ་སོགས་ཀྱི་དབང་གིས་ཨེ་ཨར་ཏོ་ཨན་གྱིས་མུ་མཐུད་ཙུང་ཐུང་གི་འགན་ཁུར་བར་འགྲན་སློང་ཆེན་པོ་དང་འཕྲད་ཡོད་ཟེར། གྲོས་ཁང་གི་འདེམ་བསྐོའི་ཕྱོགས་ནས་ཚང་མས་ཆེས་དོ་སྣང་བྱེད་ཡུལ་ནི་སྲིད་འཛིན་ཏང་སྟེ་དྲང་བདེན་དང་འཕེལ་རྒྱས་ཏང་དང་སྲིད་ཏང་གཞན་པ་བཞིའི་གྲུབ་པའི་མི་དམངས་མནའ་འབྲེལ་ཞེས་པ་དེས་གྲོས་ཁང་གི་གོ་གནས་མང་ཆེ་ཤོས་འཛིན་ཐུབ་མིན་དེ་རེད།

ཐུར་ཁེའི་ཙུང་ཐུང་གི་འགན་ཁུར་ཡུན་ལོ་ལྔ་ཡིན་ལ། འདེམ་བསྐོ་བྱེད་ཐབས་ལ་དམངས་ཡོངས་ཀྱིས་ཐད་ཀར་དུ་ཐེངས་གཉིས་ལ་འདེམ་ཤོག་འཕེན་པའི་ལམ་ལུགས་སྤྱོད་བཞིན་ཡོད། ཐེངས་དང་པོའི་འདེམ་ཤོག་འཕེན་པའི་ཁྲོད་དུ། གལ་ཏེ་འདེམ་ཤོག་ཕྱེད་ཀའི་ཡན་ཐོབ་པའི་འདེམ་སྒུག་པ་མེད་ཚེ། འདེམ་ཤོག་འཕངས་ཚད་ཆེས་མཐོ་བའི་འདེམ་སྒུག་པ་གཉིས་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས། སྐོར་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་མགོ་རྩོམ་རྒྱུ་རེད། ཐུར་ཁེའི་གྲོས་ཁང་གི་འདེམ་བསྐོར་བསྡུར་ཚད་འཐུས་མིའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། སྲིད་ཏང་དང་ཏང་ཚོགས་མནའ་འབྲེལ་གྲོས་ཁང་དུ་ཚུད་པའི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བདུན་གྱི་ཡན་དུ་ཐག་བཅད་ཡོད།