ཐེ་གོས་ཚེས་བཅུ་བཞི་ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོ་བསྡུས་ནས། གྲོས་ཁང་ཞོལ་མའི་གྲོས་མོ་ལྔ་བརྒྱ་བོ་ཡང་བསྐྱར་འདེམ་མགོ་བརྩམས། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་དགོང་མོར་འདེམ་ཤོག་བརྩིས་པའི་མཇུག་འབྲས་ངོ་མ་ཁྱབ་སྒྲོག་བྱ་རྩིས་ཡོད།
ཐེངས་འདིའི་འདེམ་བསྐོའི་ཁྲོད་དུ། ཐེ་གོའི་སྲིད་ཏང་བདུན་ཅུས་འོས་སྦྱོར་བྱས་པའི་འདེམ་སྒུག་པ་དྲུག་སྟོང་དྲུག་བརྒྱ་དོན་དགུས་གྲོས་ཁང་ཞོལ་མའི་གྲོས་མིའི་གོ་གནས་རྩོད་དགོས་པ་དང་། ས་དེའི་ཆུ་ཚོད་བརྒྱད་ནས་ཕྱི་དྲོའི་ཆུ་ཚད་ལྔའི་བར་འདེམ་ཤོག་འཕངས་ལ། རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི་དགུ་ལྷག་བཙུགས་ཡོད། ཐེ་གོར་མིག་སྔར་ཁྲིམས་མཐུན་འདེམ་དམངས་བྱེ་བ་ལྔ་ས་ཡ་གཉིས་ལྷག་ཡོད།
མུ་མཐུད་ཙུང་ལིའི་འགན་ཁུར་འདོད་ཡོད་པའི་ཙུང་ལི་པ་ཡུས་ཀྱིས་ཉིན་དེའི་སྔ་དྲོར་རྒྱལ་མན་ཀུའུ་ཡི་འདེམ་ཤོག་འཕེན་ས་ཞིག་ནས་འདེམ་ཤོག་འཕངས་རྗེས་སྨྱན་སྦྱོར་ལ་བཤད་རྒྱུར། འདེམ་བསྐོའི་དབང་ཆ་ཡོད་པའི་ཐེ་གོ་བ་རྣམས་རང་འགུལ་གྱིས་འདེམ་ཤོག་འཕེན་པར་ཞུགས་རྒྱུ་ནི་རེ་བ་ཡིན་ཟེར།
ཐེངས་འདིའི་འདེམ་བསྐོ་ལ་འདེམ་ཤོག་གཉིས་འཕེན་པའི་ལམ་ལུགས་སྤྱད་པ་སྟེ། འདེམ་དམངས་རེ་རེས་འདེམ་ཁུལ་གྱི་འདེམ་སྒུག་པ་དང་སྲིད་ཏང་ལ་འདེམ་ཤོག་འཕེན་རྒྱུ་དང་། གྲོས་ཁང་ཞོལ་མའི་གོ་གནས་བཞི་བརྒྱ་ནི་འདེམ་ཁུལ་གྱིས་འདེམ་ཤོག་འཕངས་ཏེ་ཐད་ཀར་གདམ་རྒྱུ་དང་། གཞན་པའི་གོ་གནས་བརྒྱ་ནི་སྲིད་ཏང་ལ་འདེམ་ཤོག་ཐོབ་ཚད་གཞིར་བཟུང་སྟེ་བསྡུར་ཚད་ལྟར་བགོ་རྒྱུ་རེད། འདེམ་བསྐོའི་སྔོན་གྱི་དམངས་བློའི་བརྟག་དཔྱད་ལྟར་ན་ངོ་རྒོལ་ཏང་དང་རྒྱང་སྐྱོང་ཏང་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་བཞིན་ཡོད།
གྲོས་ཁང་ཞོལ་མའི་འདེམ་བསྐོའི་མཇུག་འབྲས་ངོ་མ་དེ་ཚོད་དཔག་བྱས་ན་ཉིན་དྲུག་ཅུའི་ནང་དུ་ཁྱབ་སྒྲོག་བྱ་རྒྱུ་རེད། སྐབས་གསར་པའི་རྒྱལ་ཚོགས་བཙུགས་རྗེས། རྒྱལ་ཚོགས་ཀྱི་ཀྲུའུ་ཞིས་གྲོས་ཁང་གོང་མ་དང་ཞོལ་མའི་གྲོས་མི་བདུན་བརྒྱ་དང་ལྔ་བཅུ་བོ་བསྡུས་ནས་སྲིད་ཏང་སོ་སོས་འོས་སྦྱོར་བྱས་པའི་ཙུང་ལིའི་འདེམ་སྒུག་པ་བརྡས་ཐག་གཅོད་དགོས་ལ། གྲོས་མི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་པའི་འདེམ་སྒུག་པ་ཙུང་ལིར་གདམ་དགོས།
ཉིས་སྟོང་བཅུ་བཞི་ལོར། ཐེ་གོའི་དམག་ཕྱོགས་ཀྱིས་སྲིད་འགྱུར་བསླངས་པ་དང་། སྐབས་དེའི་སྐམ་དམག་གི་དམག་སྤྱི་པ་ཡུས་ཀྱིས་མགོ་ཁྲིད་དེ་རྒྱལ་ཡོངས་ཞི་བའི་སྒྲིག་ལམ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་རྗེས་སུ་ཙུང་ལིའི་འགན་ཁུར། ཉིས་སྟོང་བཅུ་དགུ་ལོར་རྒྱལ་ཚོགས་ཀྱིས་འདེམ་བསྐོ་བྱས་པ་བརྒྱུད་པ་ཡུས་ཀྱིས་མུ་མཐུད་ཙུང་ལིའི་འགན་ཁུར། ད་ལོའི་ཟླ་དང་བོར་པ་ཡུས་དངོས་སུ་ཐེ་གོ་བའི་མཐུན་སྒྲིལ་རྒྱལ་འཛུགས་ཏང་ཞེས་པར་ཞུགས་པར་མ་ཟད། ཏང་དེས་ཁོ་རང་སྐབས་རྗེས་མའི་ཙུང་ལིའི་འདེམ་སྒུག་པར་བདམས་པ་རེད།
ཐེ་གོའི་སྐབས་སྔོན་མའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མ་ནི་ཉིས་སྟོང་བཅུ་དགུ་ལོར་བདམས་པ་དང་། འགན་ཁུར་ཡུན་ལོ་བཞི་ཡིན་ལ། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་འགན་ཁུར་ཡུན་ལོངས་པ་རེད།