ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ཧི་མེ་ལེ་ཉི་ཚི་ཅི་མངའ་སྡེའི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ཤིག་ལ་ཚེས་བཅུ་གསུམ་ཉིན་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ་འགས་གཏོར་ཆེན་པོ་བཏང་བ་དང་། འཇབ་རྒོལ་ཁྲོད་དུ་མི་ཉེར་གཅིག་ལ་རྨས་ཕོག་པ་དང་། མཐའ་སྐོར་གྱི་དམངས་སྤྱོད་སྒྲིག་ཆས་ལ་ཡང་གཏོར་བརླག་ཐེབས།
ཧི་མེ་ལེ་ཉི་ཚི་ཅི་མངའ་སྡེའི་དམག་དོན་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། མངའ་སྡེ་དེའི་མི་མང་འདུ་གནས་དང་བར་ཐག་རིང་ས་ན་ཡོད་པའི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ཤིག་ལ་ཨུ་རུ་སིའི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། འགས་གཏོར་ཆེན་པོའི་ཁྲོད་ནས་མཐའ་སྐོར་གྱི་དམངས་སྤྱོད་སྒྲིག་ཆས་ལ་ཡང་གཏོར་བརླག་ཐེབས། འཇབ་རྒོལ་ཁྲོད་དུ་མི་ཉེར་གཅིག་ལ་རྨས་ཕོག་པ་དང་། དེའི་ནང་གི་མི་གཉིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
ཝུའུ་ཁི་ལན་དཔོན་ཕྱོགས་ཀྱིས་འཇབ་རྒོལ་ཐེབས་པའི་རྨང་གཞིའི་སྒྲིག་ཆས་དེའི་གནས་ཚུལ་ཞིབ་མོ་གསལ་བོར་མ་བཤད། དྲ་ལམ་སྨྱན་སྦྱོར་གྱིས་བཤད་པ་ལྟར་ན། རྨང་གཞིའི་སྒྲིག་ཆས་དེ་ནི་མདེལ་རྫས་ཀྱི་མཛོད་ཁང་ཞིག་ཡིན་པ་འདྲ་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་རྒྱུར། འདས་པའི་ཉིན་གཅིག་གི་རིང་ལ། ཝུའུ་ཁི་ལན་གྱི་ཆེར་ཉི་ཀི་ཧྥུའུ་མངའ་སྡེ་དང་། ཧར་ཁོ་ཧྥུའུ་མངའ་སྡེ་སོགས་མངའ་སྡེ་བཅུ་ཐམ་པར་ཨུ་རུ་སིའི་འཕུར་མདའ་སོགས་ཀྱི་འཇབ་རྒོལ་ཐེབས། དེའི་ཁྲོད་དུ་ཅེར་ནོ་པོར་མངའ་སྡེ་རུ་ཐེངས་གཉིས་ལ་བར་སྣང་འཇབ་རྒོལ་ཐེབས་པ་དང་། ས་དེའི་མཛོད་ཁང་ཞིག་ལ་འཇབ་རྒོལ་ཐེབས་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་དམག་སྤྱི་པུའུ་ཡིས་ཚེས་བཅུ་བཞི་ཉིན་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་དེ་བསྒྲགས་རྒྱུར། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། ཨུ་རུ་སིས་མི་མེད་གནམ་གྲུ་དང་། སྐོར་གཡེང་འཕུར་མདའ་སོགས་བཀོལ་ནས་ཕྱོགས་མང་བོ་ནས་ཝུའུ་ཁི་ལན་ལ་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྐོར་གཡེང་འཕུར་མདའ་གསུམ་དང་མི་མེད་གནམ་གྲུ་ཉེར་ལྔ་བཀག་ཡོད་ཟེར།