ནེའུ་ཙི་ལན་གྱི་རྒྱལ་སའི་བཟོ་བཀོད་ཅིག་ལ་མེ་སྐྱོན་བྱུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར།
2023.05.16 ཁུངས། ཀློག་གྲངས། 10

ནེའུ་ཙི་ལན་གྱི་ཙུང་ལི་ཞི་ཕུའུ་ཅིན་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། རྒྱལ་ས་ཧོས་ལིན་ཏོན་གྲོང་ཁྱེར་དཀྱིལ་དབུས་ཀྱི་ཐོག་བརྩེགས་བཞི་ཅན་གྱི་ཁང་བ་ཞིག་ནམ་གུང་མེ་རུ་འབར་ནས། མི་དྲུག་རྐྱེན་ལམ་དུ་ཤོར། 

ནེའུ་ཙི་ལན་གྱི་སྨྱན་སྦྱོར་ལས་བསྒྲགས་པ་ལྟར་ན། མེ་སྐྱོན་བྱུང་བའི་བཟོ་བཀོད་དེ་ཧོས་ལིན་ཏོན་གྱི་མཁར་ཁུལ་རྙིང་བའི་གྲོང་རྡལ་གསར་བ་རུ་ཡོད་ལ། མགྲོན་ཁང་ཞིག་རེད། འཕྲལ་བསྟུན་སྡེ་ཁག་ལ་ས་དེའི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་མེ་སྐྱོན་བྱུང་བའི་བརྡ་འབྱོར་ཞིང་། མེ་སྐྱོན་ཁང་པ་དེའི་ཀླད་ནས་མཆེད་པ་དང་། མེ་གསོད་རུ་ཁག་ཡུལ་དངོས་སུ་ཐོན་དུས་མེ་སྐྱོན་ཤིན་ཏུ་ཆེ། ཉེན་རྟོག་ཕྱོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན་སྐབས་དེར་ཁང་བ་དེའི་ནང་དུ་མི་དགུ་བཅུ་ལྷག་ཡོད་པ་དང་། མི་རྣམས་མྱུར་དུ་ཕྱིར་འཐེན་བྱས་རྗེས། མི་སུམ་ཅུ་ད་དུང་གར་སོང་མི་ཤེས་པར་གྱུར། 

ཞི་ཕུའུ་ཅིན་སི་ཡིས་བཤད་རྒྱུར། ཁོས་ཤེས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེའི་ཁྲོད་ཀྱི་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

མེ་སྐྱོན་བྱུང་སའི་ཐག་ཉེ་ན་ཡོད་པའི་ལྕམ་མོ་ཨན་ལྗི་ལ་ཀྲང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ནམ་གུང་དུས་ཚོད་གཅིག་ཡས་མས་སུ། མོས་མེ་གསོད་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་གྱི་ཉེན་བརྡ་ཐོས་བྱུང་ལ། དེ་ནས་སྒོར་བུད་ནས་བལྟས་པ་ན། ཡུལ་དངོས་དེ་རུ་དུད་སྨུག་ལིང་ལོང་འཐིབ་འདུག་ཟེར།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།