ཐུར་ཁེའི་སྨྱན་སྦྱོར་གྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་སྡོམ་རྩིས་མཇུག་འབྲས་ལྟར་ན། ཐུར་ཁེའི་ད་ལྟའི་ཙུང་ཐུང་ཨེ་ཨར་ཏོ་ཨན་དང་ངོ་རྒོལ་ཏང་མནའ་འབྲེལ་གྱི་འདེམ་སྒུག་པ་ཁི་ལེ་ཆི་ཏར་ཨོ་ལུའུ་གཉིས་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་བསྡུ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་སྐོར་གཉིས་པའི་འདེམ་ཤོག་འཕེན་པའི་ཁྲོད་ཚུད་ཟེར།
ཐུར་ཁེའི་ཨ་ནཱ་ཏོ་ལུའུ་གསར་འགྱུར་ཁང་གིས་བསྒྲགས་པའི་དངོས་གཞི་མིན་པའི་མཇུག་འབྲས་ལྟར་ན། འདེམ་ཤོག་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གསུམ་བརྒྱད་བརྩིས་རྗེས་ཀྱི་མཇུག་འབྲས་ལས། འདེམ་སྒུག་པ་གསུམ་གྱི་ཁྲོད་དུ། ཨེ་ཨར་ཏོ་ཨན་ལ་འདེམ་ཤོག་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་བཞི་གཉིས་ཐོབ་པ་དང་། ངོ་རྒོལ་ཏང་ཁག་མི་རིགས་མནའ་འབྲེལ་ཞེས་པའི་འདེམ་སྒུག་པ་ཁི་ལེ་ཆི་ཏར་ཨོ་ལུའུ་ལ་འདེམ་ཤོག་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་དགུ་ལྔ་ཐོབ་ནས། ཨང་གཉིས་པར་གྱུར་ཡོད། འདེམ་སྒུག་པ་གཞན་པ་ཞི་ནན་ཨོ་ཨན་ལ་འདེམ་ཤོག་ཐོབ་ཚད་ཅུང་དམའ་ཟེར།
གྲོས་ཁང་གི་འདེམ་བསྐོའི་ཕྱོགས་ནས། ཐེངས་འདིར་བསྡོམས་པས་སྲིད་ཏང་ཉེར་བཞི་དང་རང་ཚུགས་འདེམ་སྒུག་པ་བརྒྱ་དང་ང་གཅིག་འདེམ་བསྐོར་ཞུགས། འདེམ་ཤོག་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གཉིས་བདུན་བརྩིས་རྗེས། སྲིད་ཏང་མནའ་འབྲེལ་ཆེན་པོ་གསུམ་གྱི་ཁྲོད་དུ། མི་དམངས་མནའ་འབྲེལ་ལ་གྲོས་ཁང་གི་གོ་གནས་དྲུག་བརྒྱའི་ཁྲོད་ཀྱི་སུམ་བརྒྱ་དང་ཉེར་གཅིག་ཐོབ་པ་དང་། མི་རིགས་མནའ་འབྲེལ་ལ་གོ་གནས་ཉིས་བརྒྱ་དང་བཅུ་གསུམ་ཐོབ། ངལ་རྩོལ་དང་རང་དབང་མནའ་འབྲེལ་ལ་གོ་གནས་རེ་དྲུག་ཐོབ། མི་དམངས་མནའ་འབྲེལ་ནི་ཨེ་ཨར་ཏོ་ཨན་གྱིས་མགོ་ཁྲིད་པའི་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་ཞེས་པ་དང་། སྲིད་དབང་བཟུང་མེད་པའི་ཏང་མི་རིགས་འགུལ་སྐྱོད་ཏང་སོགས་སྲིད་ཏང་གིས་གྲུབ་ཡོད།
ཐུར་ཁེའི་ཙུང་ཐུང་གི་འགན་ཁུར་ཡུན་ལོ་ལྔ་ཡིན་ལ། འདེམ་བསྐོ་བྱེད་ཐབས་ལ་དམངས་ཡོངས་ཀྱིས་ཐད་ཀར་དུ་ཐེངས་གཉིས་ལ་འདེམ་ཤོག་འཕེན་པའི་ལམ་ལུགས་སྤྱོད་བཞིན་ཡོད། ཐེངས་དང་པོའི་འདེམ་ཤོག་འཕེན་པའི་ཁྲོད་དུ། གལ་ཏེ་འདེམ་ཤོག་ཕྱེད་ཀའི་ཡན་ཐོབ་པའི་འདེམ་སྒུག་པ་མེད་ཚེ། འདེམ་ཤོག་འཕངས་ཚད་ཆེས་མཐོ་བའི་འདེམ་སྒུག་པ་གཉིས་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས། སྐོར་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་མགོ་རྩོམ་རྒྱུ་རེད། ཐུར་ཁེའི་གྲོས་ཁང་གི་འདེམ་བསྐོར་བསྡུར་ཚད་འཐུས་མིའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། སྲིད་ཏང་དང་ཏང་ཚོགས་མནའ་འབྲེལ་གྲོས་ཁང་དུ་ཚུད་པའི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བདུན་གྱི་ཡན་དུ་ཐག་བཅད་ཡོད།