ཐེ་གོས་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་དངོས་གཞི་མིན་པའི་མཇུག་འབྲས་བསྒྲགས།
2023.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་དངོས་གཞི་མིན་པའི་འདེམ་ཤོག་བརྩིས་པའི་མཇུག་འབྲས་བསྒྲགས་ལ། ངོ་རྒོལ་ཏང་ཁག་སྟེ་རྒྱང་སྐྱོད་ཏང་དང་ཐེ་དོན་ཏང་གཉིས་ལ་བསྡོམས་པས་གྲོས་ཁང་ཞོལ་མའི་གོ་གནས་ཕྱེད་ཀའི་ཡན་ཐོབ་སོང་ཟེར།

ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱི་ཐིས་ཕིན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདེམ་ཤོག་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གཅིག་བརྒྱད་བརྩིས་ཚར་ཡོད་ལ། དངོས་གཞི་མིན་པའི་མཇུག་འབྲས་བསྒྲགས་པ་ལྟར་ན། རྒྱང་སྐྱོང་ཏང་ལ་གོ་གནས་བརྒྱ་དང་ང་གཅིག་ཐོབ་སྟེ། རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་ཏང་ཁག་ཆེས་ཆེན་པོར་གྱུར་པ་དང་། ཐེ་དོན་ཏང་ནི་ཨང་གཉིས་པ་ཡིན་ཞིང་། གོ་གནས་བརྒྱ་དང་ཞེ་གཅིག་ཐོབ་ཡོད་ཟེར།

ད་ལྟ་ཙུང་ལི་གཞོན་པའི་ཞོར་དུ་འཕྲོད་བསྟེན་པུའུ་ཀྲང་གི་འགན་ཁུར་མནཁ་ཨ་ནུའུ་ཐེན་གྱིས་མགོ་ཁྲིད་པའི་དཔའ་སྐྱེད་ཏང་ལ་གོ་གནས་དོན་གཅིག་ཐོབ་ནས་ཨང་གསུམ་པར་གྱུར་པ་དང་། ད་ལྟའི་ཙུང་ལི་གཞོན་པ་པཱ་ཝེ་ཡིས་མགོ་ཁྲིད་པའི་མི་དམངས་རྒྱལ་ཁབ་སྟོབས་ཤུགས་ཏང་ལ་གོ་གནས་བཞི་བཅུ་ཐོབ། ཙུང་ལི་པཱ་ཡུས་ཡོད་སའི་ཐེ་གོ་བའི་མཐུན་སྒྲིལ་རྒྱལ་འཛུགས་ཏང་ལ་གོ་གནས་སོ་དྲུག་ཐོབ་པ་དང་། སྲིད་ཏང་རྙིང་བ་དམངས་གཙོ་ཏང་ལ་གོ་གནས་ཉེར་ལྔ་ཐོབ།

ཐེ་གོས་ཚེས་བཅུ་བཞི་ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོ་བསྡུས་ནས། གྲོས་ཁང་ཞོལ་མའི་གྲོས་མི་ལྔ་བརྒྱ་བོ་ཡང་བསྐྱར་བདམས། དབྱི་ཐིས་ཕིན་གྱིས་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོར་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་དོན་ལྔ་ལས་བརྒལ་བ་དང་། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དྲུག་ཅུའི་ནང་དངོས་གཞིའི་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཟེར།

རྒྱང་སྐྱོད་ཏང་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་འདེམ་ཤོག་མང་བོ་ཐོབ་པ་སྟེ། རྒྱལ་ས་མན་ཀུའུ་ཡི་འདེམ་ཁུལ་གྱི་གོ་གནས་སོ་གསུམ་ཁྲོད་ནས་གོ་གནས་སོ་གཉིས་ཐོབ་པར་མ་ཟད། ཆིན་མའེ་ས་ཁུལ་ནས་ཀྱང་རྒྱལ་ཁ་ཐོབ། རྒྱང་སྐྱོད་ཏང་གི་མགོ་གཙོ་ཕིས་ཐ་ཡིས་ཚེས་བཅོ་ལྔ་ཉིན་གྱི་ཉིན་གུང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱང་སྐྱོད་ཏང་གིས་ཐེ་དོན་ཏང་སོགས་སྲིད་ཏང་ལ་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་སྲིད་གཞུང་འཛུགས་རྩིས་ཡོད་ཟེར། ཏང་ཁག་ལྔ་བོས་མིག་སྔར་གྲོས་ཁང་ཞོལ་མའི་གོ་གནས་སུམ་བརྒྱ་དང་བརྒྱད་བཟུང་ཡོད།

སྐབས་གསར་པའི་རྒྱལ་ཚོགས་བཙུགས་རྗེས། རྒྱལ་ཚོགས་ཀྱི་ཀྲུའུ་ཞིས་གྲོས་ཁང་གོང་མ་དང་ཞོལ་མའི་གྲོས་མི་བདུན་བརྒྱ་དང་ལྔ་བཅུ་བོ་བསྡུས་ནས་སྲིད་ཏང་སོ་སོས་འོས་སྦྱོར་བྱས་པའི་ཙུང་ལིའི་འདེམ་སྒུག་པ་བརྡས་ཐག་གཅོད་དགོས་ལ། གྲོས་མི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་པའི་འདེམ་སྒུག་པ་ཙུང་ལིར་གདམ་དགོས།

ཉིས་སྟོང་བཅུ་བཞི་ལོར། ཐེ་གོའི་དམག་ཕྱོགས་ཀྱིས་སྲིད་འགྱུར་བསླངས་པ་དང་། སྐབས་དེའི་སྐམ་དམག་གི་དམག་སྤྱི་པ་ཡུས་ཀྱིས་མགོ་ཁྲིད་དེ་རྒྱལ་ཡོངས་ཞི་བའི་སྒྲིག་ལམ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་རྗེས་སུ་ཙུང་ལིའི་འགན་ཁུར། ཉིས་སྟོང་བཅུ་དགུ་ལོར་རྒྱལ་ཚོགས་ཀྱིས་འདེམ་བསྐོ་བྱས་པ་བརྒྱུད་པ་ཡུས་ཀྱིས་མུ་མཐུད་ཙུང་ལིའི་འགན་ཁུར། ད་ལོའི་ཟླ་དང་བོར་པ་ཡུས་དངོས་སུ་ཐེ་གོ་བའི་མཐུན་སྒྲིལ་རྒྱལ་འཛུགས་ཏང་ཞེས་པར་ཞུགས་པར་མ་ཟད། ཏང་དེས་ཁོ་རང་སྐབས་རྗེས་མའི་ཙུང་ལིའི་འདེམ་སྒུག་པར་བདམས་པ་རེད།

ཐེ་གོའི་སྐབས་སྔོན་མའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མ་ནི་ཉིས་སྟོང་བཅུ་དགུ་ལོར་བདམས་པ་དང་། འགན་ཁུར་ཡུན་ལོ་བཞི་ཡིན་ལ། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་འགན་ཁུར་ཡུན་ལོངས་པ་རེད།