མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་དྲུག་བརྒྱ་དང་དོན་དྲུག་རྐྱེན་ལམ་དུ་ཤོར་ཟེར། སུའུ་ཏན་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་དེའི་བར་སྣང་བཀག་སྡོམ་གྱི་དུས་ཚོད་དེ་ཟླ་འདིའི་ཚེས་ཉེར་གསུམ་ཉིན་བར་ཇེ་རིང་དུ་བཏང་བ་ཡིན་ཞེས་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་དང་དེའི་མཐའ་སྐོར་ས་ཁུལ་གྱི་འཁྲུག་རྩོད་དེ་ཉིན་སུམ་ཅུའི་རིང་རྒྱུན་བསྲིངས་ནས། ཉུང་མཐར་ཡང་མི་དྲུག་བརྒྱ་དང་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་སྟོང་ལྔ་བརྒྱ་དོན་དྲུག་ལ་རྨས་ཕོག ཟླ་བཞི་པའི་ཚེས་བཅོ་ལྔ་སུའུ་ཏན་གྱི་འཁྲུག་རྩོད་བྱུང་རྗེས། མི་འབུམ་དགུ་དང་ཁྲི་གསུམ་སྟོང་དྲུག་ལ་འདུག་སའི་ཁྱིམ་མེད་པར་གྱུར་པ་དང་། དེའི་ནང་ཁྱིམ་མཚེས་རྒྱལ་ཁབ་ཏུ་སོང་བའི་མི་འབུམ་གཉིས་ཙམ་ཡོད་ཟེར།
སྙན་ཞུ་ལས་ད་དུང་བཤད་རྒྱུར། ཟླ་བཞི་པའི་ཟླ་དཀྱིལ་གྱི་ཚུན་ལ། ཁཱ་ཐུའུ་མུའུ་གྲོང་ཁྱེར་གྱི་སྡོད་དམངས་ལ་བཟའ་འབྲུ་དཀོན་པའི་གནས་ཚུལ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ད་ལོར་སུའུ་ཏན་གྱི་མང་ཚོགས་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་ཙམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། གྲངས་ཀ་འདིས་སུའུ་ཏན་གྱི་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད་པར་མ་ཟད། རོགས་སྐྱོར་མཁོ་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།
སུའུ་ཏན་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱེད་རྒྱུར། ཁཱ་ཐུའུ་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་བར་སྣང་ཕྱོགས་སྟོན་མ་ལག་ལ་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པས། སུའུ་ཏན་གྱི་བར་སྣང་བཀག་སྡོམ་གྱི་དུས་ཚོད་དེ་ཟླ་འདིའི་ཚེས་ཉེར་གསུམ་ཉིན་བར་ཇེ་རིང་དུ་བཏང་བ་ཡིན་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཕྱི་རྒྱལ་གྱི་སྡོད་དམངས་ཕྱིར་འཐེན་བྱེད་པར་ཚོད་འཛིན་མི་བྱེད་ཟེར། སྤྱི་འབྲེལ་སྨྱན་སྦྱོར་ལས་མཐོང་བ་ལྟར་ན་ཁཱ་ཐུའུ་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཟམ་པ་དང་ཚོམས་ཆེན་སོགས་ལ་གཏོར་བརླག་ཐེབས་ཡོད།
སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་ནས་མི་སེར་ཤི་རྨས་འབྱུང་བར་མི་བྱེད་པའི་རྩ་དོན་གྱི་གྲོས་ཆོད་བཀོད་མོད། ཡིན་ནའང་ཕྱོགས་གཉིས་ཀྱིས་ཕ་རོལ་བས་གྲོས་ཆོད་ཀྱི་ནང་དོན་དང་རྒྱབ་འགལ་བྱས་སོང་ཞེས་ཕན་ཚུན་ལ་སྐྱོན་འཛུགས་བྱས་པ་དང་། དྲག་ཤུགས་འཁྲུག་རྩོད་སྔར་བཞིན་རྒྱུན་སྐྱོང་བཞིན་ཡོད། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཁཱ་ཐུའུ་མུའུ་གྲོང་ཁྱེར་ཉེ་འདབས་ཀྱི་ཨིན་ཐུའུ་མན་གྲོང་ཁྱེར་གྱི་ཆོས་ཁང་ཞིག་ནས་ཡེ་ཤུ་ཆོས་ལུགས་པ་དམར་གསོད་བཏང་སོང་ཞེས་སྐྱོན་བརྗོད་བྱས་པ་དང་། འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་དེ་ཁས་མ་བླངས་པར་མ་ཟད། དྲག་ཆས་དམག་དཔུང་ནི་དོན་རྐྱེན་དེའི་ལག་དམར་རེད་ཅེས་བཤད་པ་དང་། དོན་རྐྱེན་དེར་རང་རྐྱ་འཕེར་བའི་རྟོག་ཞིབ་བྱེད་རྒྱུའི་འབོད་སྐུལ་བཏང་།
ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་བར་དུ་ཁཱ་ཐུའུ་མུའུ་དང་ས་ཁུལ་གཞན་པ་ནས་དྲག་ཤུགས་འཁྲུག་རྩོད་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་འཁྲུག་རྩོད་བསླངས་པ་རེད་ཅེས་ཕན་ཚུན་ལ་སྐྱོན་བརྗོད་བྱས།