ཀྲུང་གོས་ཡེ་མིན་གྱི་ཕྱོགས་སོ་སོས་ཆབ་སྲིད་འཕེལ་རིམ་གྱི་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་རྒྱུའི་འབོད་སྐུལ་བཏང་།
2023.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་ཚེས་བཅུ་བདུན་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མིན་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། ཕྱོགས་སོ་སོས་ཡེ་མིན་གྱི་ཆབ་སྲིད་འཕེལ་རིམ་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་རྒྱུའི་འབོད་སྐུལ་བཏང་།

ཀུན་ཧྲོང་གིས་བཤད་རྒྱུར། དུས་ཡུན་ངེས་ཅན་ཞིག་གི་རིང་ལ། འབྲེལ་ཡོད་ཕྱོགས་སོ་སོས་ཆབ་སྲིད་ཀྱི་ལམ་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་པའི་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཡེ་མིན་མི་དམངས་ཀྱི་སྡུག་བསྔལ་མྱོང་མཚམས་འཇོག་པར་འབད་བརྩོན་ཆེན་པོ་བྱས་པར། ཀྲུང་གོས་གཟེངས་བསྟོད་བྱེད་བཞིན་ཡོད། འབྲེལ་ཡོད་ཕྱོགས་སོ་སོས་ད་ལྟའི་གནས་བབ་འདི་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་མྱུར་དུ་བྱེད་པ་དང་། ལུགས་མཐུན་གྱི་དུས་ཚོད་གཏན་ཁེལ་བྱེད་པ། འོས་ཤིང་འཚམ་པའི་སྒྲིག་ལམ་འཛུགས་པ་བཅས་བྱས་ཏེ། ད་དུང་ཐག་བཅད་མེད་པའི་གནད་དོན་ཐད་སྔ་མོ་ནས་ཐག་གཅོད་ཇུས་གཞི་འདོན་པར་འབད་པ་བྱེད་དགོས། ཡེ་མིན་གྱི་བདེ་འཇགས་གནས་བབ་ཉེ་སྔོན་ཇེ་བཟང་དུ་སོང་ཡོད་ནའང་། དྲག་ཤུགས་དོན་རྐྱེན་ཐར་ཐོར་རེ་ད་དུང་སྔར་བཞིན་བྱུང་ནས། མི་སེར་ཤི་རྨས་བཟོས་པ་དེར་ཀྲུང་གོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་ཡེ་མིན་གྱི་ཕྱོགས་སོ་སོས་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་། ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དོན་གྱི་བྱེད་ཐབས་འདོར་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འཐུས་མིའི་བྱ་བར་གཞོགས་འདེགས་དམ་པོ་བྱེད་པ་དང་། སྔ་མོ་ནས་དམག་འཁྲུག་རྒྱག་མཚམས་བཞག་སྟེ། ཆབ་སྲིད་འཕེལ་རིམ་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ཡེ་མིན་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་རིམ་ནང་མི་ཆོས་ཀྱི་གནས་བབ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ནང་གི་གཅིག་ཡིན། ཉེ་སྔོན་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་བྱུང་བའི་རྡོག་བརྫིས་དོན་རྐྱེན་དེ་ནི་ཡ་ང་བ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མིན་གྱི་མི་ཆོས་དང་འཕེལ་རྒྱས་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ཡེ་མིན་གྱི་མི་ཆོས་གནས་བབ་མུ་མཐུད་ཇེ་སྡུག་ཏུ་འགྲོ་རུ་འཇུག་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་ནས་སྤེལ་བའི་མི་ཆོས་འགུལ་སྐྱོད་ལ་མ་དངུལ་འདང་ངེས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་མི་ཆོས་འགུལ་སྐྱོད་ཐད་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་མྱུར་དུ་མེད་པར་གཏོང་དགོས་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ཡེ་མིན་གྱི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པ་དེ་རང་ས་ཁུལ་གྱི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད། ཀྲུང་གོས་དབུས་ཤར་རྒྱལ་ཁབ་ཏུ་ཉེ་སྔོན་ཞི་བདེའི་རླབས་རྒྱུན་འཕྱུར་ཏེ། མཐུན་སྒྲིལ་གྱི་གླུ་དབྱངས་ལེན་བཞིན་པའི་ཉམས་དགའ་བའི་གནས་ཚུལ་མཐོང་བྱུང་ལ། ས་ཁུལ་དེའི་ཞི་བདེ་བརྟན་འཇགས་ལ་མཐུན་རྐྱེན་གསར་པ་བྱུང་ཡོད་པས། ཡེ་མིན་གྱི་གནས་བབ་ལེགས་བཅོས་བྱེད་པར་ཡང་མཐུན་རྐྱེན་ཡོད། ཀྲུང་གོ་ནི་ནམ་ཡིན་ཡང་དབུས་ཤར་གྱི་་བདེ་འཇགས་དང་བརྟན་འཇགས་ཀྱི་ཡར་སྐུལ་བ་དང་། དར་རྒྱས་གོང་འཕེལ་གྱི་མཉམ་ལས་པ། མཐུན་སྒྲིལ་ཡར་བརྩོན་གྱི་རམ་འདེགས་པ་བཅས་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ས་ཁུལ་དེའི་རྒྱལ་ཁབ་དག་གི་མཐུན་སྒྲིལ་དང་རོགས་ལས་ལ་ཤུགས་སྣོན་པ་དང་། གྲོས་མོལ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། དབུས་ཤར་གྱི་ཞི་བདེ་ལྷིང་འཇགས་སྔ་མོ་ནས་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།