མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་བདུན་ཉིན་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་ལག་བསྟར་བྱེད་ཡུན་ཟླ་གཉིས་ཀྱིས་ཇེ་རིང་དུ་བཏང་བར་དགའ་བསུ་ཞུས་ནས། ཕྱོགས་སོ་སོས་གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བ་དང་། ལག་བསྟར་བྱེད་ཚད་རྒྱ་བསྐྱེད་པ། གྲོས་ཆོད་ལེགས་སྒྱུར་བྱེད་པ་བཅས་ཀྱི་ཐད་ནས་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཅིག་འགོད་རྒྱུ་ནི་རེ་བ་ཡིན་ཞེས་བཤད།
ཀུའུ་ཐི་ལེ་སི་ཡིས་ཉིན་དེར་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་གསར་འགོད་པའི་ཚོགས་འདུ་བསྡུས་ཏེ་བཤད་རྒྱུར། མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་བ་དེ་ནི་འཛམ་གླིང་ཡོངས་ལ་མཚོན་ན་འཕྲིན་བཟང་ཞིག་རེད། གྲོས་ཆོད་དེ་དང་། ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་བཀོད་པའི་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་བྱེད་པར་སྟབས་བདེ་བཟོ་བའི་བཟོད་སྒོམ་བརྗེད་ཐོ་གཉིས་ནི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན། མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་ལྟར་ན། འབྲུ་རིགས་ཏུན་བྱེ་བ་གསུམ་ལྷག་གྲུ་ཁ་དེ་ནས་ཕྱི་རུ་སྐྱེལ་ཆོག མིག་སྔར་གྲོ་ཏུན་ཁྲི་གསུམ་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་གླས་པའི་གྲུ་གཟིངས་སྟེང་ནས་སུའུ་ཏན་ལ་སྐྱེལ་བཞིན་ཡོད་ཟེར།
ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ཉེན་ཁ་ཆེ་བའི་དོན་དག་ཁ་ཤས་ད་དུང་ཐག་བཅད་མེད་པས། ཨུ་རུ་སི་དང་ཝུའུ་ཁི་ལན། ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་མུ་མཐུད་དེའི་སྐོར་ནས་གྲོས་སྡུར་བྱ་རྒྱུ་ཡིན་ཟེར། ཁོས་ཕྱོགས་སོ་སོས་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བ་དང་། ལག་བསྟར་བྱེད་ཚད་རྒྱ་བསྐྱེད་པ། གྲོས་ཆོད་ལེགས་བཅོས་བྱེད་པ་བཅས་ཀྱི་སྐོར་ནས་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཅིག་འགོད་རྒྱུའི་རེ་བ་བཏོན། དེའི་སྔོན་ལ་ཁོས་ཨུ་རུ་སི་དང་ཝུའུ་ཁི་ལན། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་ལ་འཕྲིན་ཡིག་བསྐུར་ནས། གནད་དོན་དེའི་སྐོར་གྱི་གྲོས་གཞི་བཏོན་ཡོད།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་བཅུ་བདུན་ཉིན་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཉིན་དེའི་སྔ་མོར་བསྒྲགས་པའི་འབྲུ་རིགས་གྲོས་ཆོད་ལག་བསྟར་ཡུན་ཟླ་གཉིས་ཀྱིས་ཇེ་རིང་ལ་བཏང་བའི་གནས་ཚུལ་དེ་ནི་བདེན་པ་ཡིན། དེས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པར་གོ་སྐབས་འདོན་སྤྲོད་བྱེད་ཐུབ་ཟེར། ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་ཁུའུ་པུའུ་ལ་ཁོ་ཧྥུའུ་ཡིས་ཀྱང་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་ཐུར་ཁེའི་འབད་བརྩོན་འོག་ཏུ། མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་དེ་མུ་མཐུད་བཀོད་པ་དང་། གྲོས་ཆོད་གསར་པ་ལག་བསྟར་བྱེད་ཡུན་དེ་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ལ་ཇེ་རིང་དུ་བཏང་ཡོད་ཟེར།
ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་རུ་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གནད་དོན་སྐོར་ནས། སོ་སོར་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་དུ་འབྲེལ་ཡོད་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཉིན་བརྒྱ་དང་ཉི་ཤུ་རེད། གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ན་ནིང་གི་ཟླ་བཅུ་གཅིག་པ་དང་ད་ལོའི་ཟླ་གསུམ་པར་ཐེངས་གཉིས་ལ་ཇེ་རུང་དུ་བཏང་། ད་ལོའི་ཟླ་གསུམ་པར་མུ་མཐུད་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བའི་སྐོར་ནས་གྲོས་མོལ་བྱེད་སྐབས། ཨུ་རུ་སི་ཉིན་དྲུག་ཅུར་མ་གཏོགས་ཇེ་རིང་དུ་གཏོང་བར་མ་གཏོགས་འཐད་པ་མ་བྱུང་བས། ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ལོངས་པ་རེད།